གསང་མྱུལ་སྒང་ཕུག་གི་འཕྲུལ་རིག་ཐོག་ནས་པེ་ཅིང་ལ་དུས་ཐོག་གནས་ཚུལ་བཏང་ཡོད་པ།
ཉེ་སྔོན་ཨ་རིའི་མཁའ་དབྱིངས་སུ་རྒྱ་ནག་གི་གསང་བའི་སྒང་ཕུག་ཕུར་བསྐྱོད་བྱས་ཏེ་ཨ་རིའི་དམག་ཁུལ་སྐོར་གྱི་གསང་བའི་གནས་ཚུལ་བསྡུ་ལེན་བྱས་པ་དེ། ཨ་རིའི་གཞུང་གིས་གནས་ཚུལ་ཕྱིར་གྱར་འགོག་བྱས་ཡོད་འདུག་ཀྱང་། སྒང་ཕུག་དེའི་འཕྲུལ་རིག་གི་ཐོག་ནས་པེ་ཅིང་ལ་དུས་ཐོག་གནས་ཚུལ་བཏང་ཡོད་པའི་གནས་ཚུལ་ཐོན་བཞིན་འདུག
དེ་ཡང་མཁའ་དབྱིངས་མཐོ་པོར་ཕུར་བསྐྱོད་བྱེད་མཁན་པེ་ཅིང་གིས་སྟངས་འཛིན་བྱས་པའི་རྒྱ་ནག་གི་གསང་མྱུལ་སྒང་ཕུག་དེ་ཕྱི་ཟླ་ ༢ ཚེས་ ༤ ཉིན་ཨ་རིའི་མཁའ་དབྱིངས་སུ་མ་གཏོར་བའི་གོང་། རྒྱ་ནག་གི་གསང་བའི་སྒང་ཕུག་དེ་ཨ་རིའི་ས་ཐོག་ཏུ་ཐེངས་འགའ་ཕར་ཚུར་ཕུར་ཡོད་པ་ད་ཡོད་ཨ་རིའི་དཔོན་རིགས་མཐོ་གྲས་གཉིས་ཀྱིས་གསུངས་པ་ཨ་རིའི་ NBC (ཨེན་སྦི་སི་) གསར་ཁང་གིས་ལུང་འདྲེན་བྱས་འདུག་ཅིང་། ཨ་རིའི་ལས་བྱེད་པ་གསུམ་གྱིས་བརྗོད་ན། སྒང་ཕུག་འདིས་གནས་ཚུལ་མཁོ་བསྡུ་བྱས་པ་རྣམས་པེ་ཅིང་དུ་དུས་ཐོག་བཏང་ཐུབ་རྒྱུ་ཡོད་པ་བརྗོད་འདུག
ཨ་རིའི་གཞུང་གི་ལས་བྱེད་ཅིག་གིས་བརྗོད་ན། རྒྱ་ནག་གིས་གསང་བའི་གནས་ཚུལ་བསྡུས་པ་ཕལ་ཆེ་བ་གློག་གི་བརྡ་རྟགས་ནས་ཡིན་པ་དང་། དེ་ཡང་གོ་མཚོན་གྱི་འཕྲུལ་རིགས་དང་ས་གཞིའི་སྟེང་དམག་དོན་ལས་བྱེད་པའི་བརྡ་རྟགས་གནས་ཚུལ་ཁག་བསྡུ་རུབ་བྱེད་ཐུབ་པའི་ནུས་པ་ཡོད་འདུག
ཕྱི་ཟླ་ ༢ ཟླ་སྟོད་དུ་རྒྱ་ནག་གི་དབུགས་སྒང་ངམ་སྒང་ཕུག་དེ་ཨ་རི་དང་ཁེ་ན་ཌའི་མཁའ་དབྱིངས་སུ་འཕུར་བསྐྱོད་བྱས་ཡོད་ནའང་། དང་ཐོག་ཨ་རིའི་གཞུང་གི་དཔོན་རིགས་ཚོས་ཨ་རིའི་བདེ་འཇགས་ལ་སྒང་ཕུག་འདིས་གནོད་འཚབ་མེད་པའི་ཚོད་རྩིས་བྱེད་ཡོད་ལ། རྒྱ་ནག་གིས་སྒང་ཕུག་དེ་གསང་མྱུལ་བྱེད་མཁན་ཞིག་མིན་ཚུལ་བཤད་ཡོད་ནའང་། གཟའ་འཁོར་གཅིག་ཙམ་རིང་ཨ་རི་དང་ཁེ་ན་ཌའི་མཁའ་དབྱིངས་སུ་ཕུར་བསྐྱོད་བྱས་རྗེས་ཨ་རིའི་སྲིད་འཛིན་སྦཡེཌན་གྱིས་སྒང་ཕུག་གཏོར་བཤིག་བཏང་རྒྱུའི་བཀོད་ཁྱབ་བཏང་ཡོད་པ་རེད།།
གསར་འགོད་པ། ཀེ་ཐོ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།