རྒྱ་ནག་གི་བོད་ཐོག་ཉམས་ཞིབ་པ་ཁེ་ན་ཌའི་མཐོ་སློབ་ཏུ་ལྟ་སྐོར།
2010.09.03
༄༅༎རྒྱ་ནག་གི་བོད་ཐོག་ཞིབ་འཇུག་དང་ཉམས་ཞིབ་བྱེད་མཁན་གྱི་མཁས་དབང་དང་རིགས་གཅིག་རྐང་འཛིན་པའི་འཐུས་མི་ཚོགས་པ་ཞིག་གཟའ་ཕུར་བུའི་ཉིན་ཁེ་ན་ཌའི་སྦི་རི་ཀྲིཤ་ཀོ་ལམ་སྦི་ཡ་མཐོ་སློབ་ཁང་གི་ཨི་ཤེ་ཡའི་ཉམས་ཞིབ་སྡེ་ཚན་ལ་གཟིགས་སྐོར་དུ་ཕེབས་ཡོད་པ་རེད་
རྒྱ་ནག་གི་བོད་དོན་ཉམས་ཞིབ་སྐུ་ཚབ་ཚོགས་པའི་ཚོགས་མི་ཚོས་ཁེ་ན་ཌའི་བོད་དོན་ཉམས་ཞིབ་པ་ཚོར་བོད་ནང་གི་ད་ལྟའི་འཕེལ་རྒྱས་སྐོར་ངོ་སྤྲོད་གནང་ཡོད་ཅིང་ རྒྱ་ནག་གི་བོད་དོན་ཉམས་ཞིབ་ཚོགས་པ་དེའི་སྣེ་ཁྲིད་མཁན་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་ཉམས་ཞིབ་པ་བཀྲ་བློ་ལགས་ཀྱིས་བརྗོད་དོན་ལྟར་ན་ ཁེ་ན་ཌའི་ཡུ་སྦི་སི་མཐོ་སློབ་ཀྱི་བོད་དོན་ཉམས་པ་ཞིབ་ཚོས་ད་ཡོད་བོད་ནང་གི་འཕེལ་རྒྱས་ལས་དོན་དང་ དེ་བཞིན་རྒྱ་ནག་གི་བོད་དོན་ཉམས་ཞིབ་པ་ཚོས་བོད་ནང་གི་ད་ཡོད་གནས་སྟངས་སོགས་ཀྱི་ཐོག་ཞིབ་འཇུག་ལས་དོན་ཐོག་དོ་སྣང་ཆེན་པོ་གནང་གི་ཡོད་པའི་སྐོར་བརྗོད་འདུག
དེ་བཞིན་ཁོང་གིས་ཁེ་ན་ཌའི་མཐོ་སློབ་དེའི་བོད་དོན་ཉམས་ཞིབ་པ་ཚོས་རྒྱ་ནག་གི་བོད་དོན་ཉམས་ཞིབ་པ་ཚོ་དང་མཉམ་དུ་ཕན་ཚུན་བསམ་ཚུལ་སྤེལ་རེས་ཆེད་ ཁེ་ན་ཌའི་བོད་དོན་ཐོག་ཉམས་ཞིབ་གནང་མཁན་ཚོ་བོད་ནང་སྐྱོད་རྒྱུ་དང་ དེ་མིན་ཁེན་ཌའི་སློབ་ཕྲུག་རྒྱ་ནག་དང་བོད་ནང་ཞིབ་འཇུག་བྱེད་པར་སྐྱོད་རྒྱུ་སོགས་མ་འོངས་ཕྱོགས་གཉིས་དབར་ཕན་ཚུན་བསམ་ཚུལ་སྤེལ་རེས་ཀྱི་ལས་དོན་སྤེལ་རྒྱུའི་ཐོག་དོ་སྣང་ཆེན་པོ་གནང་གི་ཡོད་ལུགས་གསུང་འདུག
ཁེ་ན་ཌའི་སྦི་རི་ཀྲིཤ་ཀོ་ལམ་སྦི་ཡ་མཐོ་སློབ་ཁང་གི་ཉམས་ཞིབ་པ་ཚེ་རིང་ཤ་ཀྱ་ལགས་ཀྱིས་རྒྱ་ནག་གི་བོད་ཐོག་ཞིབ་འཇུག་གནང་མཁན་ཚོས་ བོད་ནང་ཞིབ་འཇུག་གི་ལས་དོན་ཐོག་བསམ་ཚུལ་འདྲ་མིན་ཡོད་པའི་སྐོར་ལ་ཡང་གསལ་བཤད་གཏིང་ཟབ་པོ་གནང་ལུགས་གསུང་འདུག རྒྱ་ནག་གི་བོད་དོན་ཉམས་ཞིབ་པའི་སྐུ་ཚབ་ཚོགས་པ་དེ་བཞིན་ཕྱི་ཟླ་དགུ་པའི་ཚེས་༢ཉིན་ཁེ་ན་ཌའི་ལྦེན་ཀུ་ལྦར་ཁུལ་དུ་འབྱོར་ནས་ རིམ་བཞིན་ཀྲོ་རན་ཀྲོ་དང་ཨོ་ཀྲ་ལྦ་ ཨ་རིའི་གྲོང་ཁྱེར་ནིའུ་དབྱོག་དང་ རྒྱལ་ས་ལྦ་ཤིན་ཀྲོན་ ལོ་སི་ཨེན་ཇེ་ལེ་སི་བཅས་སུ་གཟིགས་སྐོར་དུ་ཕེབས་རྒྱུ་ཡིན་འདུག