རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲ་གནས་ཐོག་བོད་ཀྱི་སྐད་ཡིག་བེད་སྤྱོད་ཐོག་དམ་བསྒྲགས་བྱེད་བཞིན་པ།
དེ་ཡང་འདི་ག་ཨ་མེ་རི་ཀའི་རྒྱལ་ས་ནང་རྟེན་གཞི་གནང་བའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ཟླ་༧་ཚེས་༢༤་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་དེང་སྐབས་རྒྱ་ནག་ནང་Douyin སོགས་པའི་མཉེན་ཆས་རིགས་ནི་ཚོང་གི་ལས་དོན་འདྲ་མིན་སྤེལ་སའི་གླེང་སྟེགས་གཙོ་གྲས་ཤིག་ལ་འགྱུར་བཞིན་ཡོད་རུང་་་ཉེ་དུས་ནས་བཟུང་མཉེན་ཆས་དེའི་ཐོག་བོད་ཡིག་བྲིས་པ་དང་བོད་སྐད་བེད་སྤྱོད་བྱས་ཚེ་ནག་སུབ་གཏོང་གི་ཡོད་པའི་གནས་ཚུལ་རིམ་བཞིན་ཐོན་པ་ཁག་ལུང་འདྲེན་གནང་བ་དང་འབྲེལ་རྒྱ་ནག་གི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་རྣམས་ལ་རང་མི་རིགས་ཀྱི་སྐད་ཡིག་ཡར་རྒྱས་གོང་འཕེལ་གཏོང་རྒྱུའི་རང་དབང་ཡོད་ཅེས་གསལ་ཡོད་ན་ཡང་་་བོད་མིར་ཐུགས་སྐབས་རྩ་ཁྲིམས་དེ་ལག་ལེན་རྩ་བ་ནས་བསྟར་གྱི་མེད་སྐོར་གསུངས་འདུག
རྩ་བའི་བོད་མི་རྣམས་ཀྱིས་Douyin ཟེར་བའི་མཉེན་ཆས་དེ་ཡིས་ཕན་ཚུལ་འབྲེལ་མཐུད་དང་བརྙན་ཐུང་འགྲེམས་སྤེལ་་་གཞས་སྣ་ཕབ་ལེན་ཙམ་མ་ཡིན་པར་བོད་ཀྱི་ཆས་གོས་དང་རྒྱན་ཆ་་ཆོས་རྫས་སོགས་ཉོ་ཚོང་ཆེད་བེད་སྤྱོད་ཤུགས་ཆེ་བྱེད་ཀྱི་ཡོད་རུང་་ཉེ་ཆར་མཉེན་ཆས་དེ་བེད་སྤྱོད་བྱེད་མཁན་བོད་མི་ཁག་གཅིག་གིས་སྤྱི་ཚོགས་དྲ་ལམ་ཐོག་དངོས་སུ་ཐོན་ནས་རྒྱ་ནག་གི་གྲགས་ཆེ་བའི་ཐད་གཏོང་མཉེན་ཆས་འདིའི་ཐོག་བོད་ཡིག་བེད་སྤྱོད་ཐད་དཀའ་ངལ་འཕྲད་བཞིན་པ་ཐེར་འདོན་གནང་བའི་གནས་ཚུལ་རིམ་པ་མང་པོ་བྱུང་བའི་ཁོངས་སུ་་བོད་མི་ཞིག་གིས་Wechat ཞེས་པའི་སྐད་འཕྲིན་ནང་ཁོང་གིས་Douyin ཐོག་བོད་ཡིག་ཐོག་མཆན་བཀོད་པ་དེ་དག་རྒྱ་མཚོའི་ནང་རྡོ་གཡུག་པ་དང་གཅིག་མཚུངས་རེད་ཅེས་གསུངས་པ་མ་ཟད་་དེ་སྔ་ཕྱི་ལོ་༢༠༢༡ ནང་དུ་ཡང་་བོད་མི་ཞིག་གིས་Douban ཞེས་པའི་མཉེན་ཆས་ཐོག་༧རྒྱལ་བ་ཚང་དབྱངས་རྒྱ་མཚོའི་མཛད་པའི་ཚིག་བཅད་པར་རིས་ཡར་བཅུག་སྐབས་Douyin གྱིས་ཕྱིར་འཐེན་བྱས་པ་ཐེར་འདོན་གནང་འདུག་ལ་་་དེ་བཞིན་དུ་ཕྱི་ལོ་༢༠༢༢ དང་ཕྱི་ལོ་༢༠༢༣ ནང་ལ་དེ་དེ་བཞིན་གྱི་གནས་ཚུལ་རིམ་པ་མང་པོ་བྱུང་བ་ཁག་ལུང་འདྲེན་གནང་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་བོད་མིའི་རེ་འདུན་ལ་སྡིག་པ་མིག་ཙུམ་བྱེད་བཞིན་པར་སྐྱོན་བརྗོད་ནན་པོ་གནང་འདུག་ལ་་ད་དུང་རྒྱ་གཞུང་གིས་དྲ་རྒྱ་བེད་སྤྱོད་བྱེད་མཁན་བོད་མི་རྣམས་ཀྱི་སྐད་ཡིག་རང་དབང་སྲུང་སྐྱོབ་བྱེད་མི་དགོས་པའི་རྒྱུ་མཚན་གཅིག་པུ་དེ་ནི་Douyin ལྟ་བུའི་དྲ་ལམ་ཁག་གི་སྡིངས་ཆ་དེ་དག་བོད་ཡིག་བཀོལ་སྤྱོད་ཐོག་དམ་བསྒྲགས་བྱ་རྒྱུའི་སླད་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་དགོས་མཁོར་བེད་སྤྱོད་བྱེད་བཞིན་པར་ཡང་སྐྱོན་བརྗོད་གནང་འདུག ཡང་བོད་མི་རྣམས་ཀྱིས་བོད་ཡིག་ཐོག་རང་ཉིད་ཀྱི་མིང་འདོགས་ཚུན་ཆད་བེད་སྤྱོད་བྱ་འགྱུར་Douyin གིས་ཆོག་མཆན་སྤྲོད་ཀྱི་མེད་པ་ཤེས་རྟོགས་བྱུང་ཡོད་ཅིང་་ཕྱི་ལོ་༢༠༢༤་ལོའི་ཕྱི་ཟླ་༥་པའི་ནང་བོད་ཡིག་གི་མིང་རྣམས་ཅིའི་ཕྱིར་ཕྱིར་འབུད་བཏང་ཡོད་དམ་ཞེས་པའི་འདྲི་བ་བཀོད་པའི་ལན་དུ་་ང་ཚོའི་ལས་བྱེད་པ་ཚོས་ཉིན་མཚན་བསྟུད་མར་དེའི་ཐོག་ལས་ཀ་བྱས་ནས་ཉམས་ཞིབ་དང་བསྐྱར་ཞིབ་ཀྱི་ཐབས་ཇུས་གསར་པ་ལག་བསྟར་བྱས་པ་དེས་་བོད་ཡིག་དེ་སྔར་བཞིན་ཚོ་རྣོར་སྐྱེན་པའི་གནད་དོན་ཞིག་ལ་བརྩིས་ཀྱི་མེད་ཅེས་བརྗོད་ཡོད་འདུག་
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།