རྒྱ་གཞུང་གིས་ཤིན་ཅང་གི་འགོ་ཁྲིད་ཅིག་ཕྱིར་འབུད་བྱས་པ།

རྒྱ་ནག་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆིའི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཕྱིར་འབུད་བཏང་འདུག

2009.09.05

༄༅༎རྒྱ་ནག་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆི་ནང་ཉེ་ཆར་དོན་མེད་སྨན་ཁབ་བཙུགས་ནས་མི་ལྔ་རྐྱེན་ལམ་དུ་བཏང་བའི་དོན་རྐྱེན་བྱུང་རྗེས་ཁུལ་དེའི་ནང་གི་རྒྱ་ཧན་མི་རིགས་ཚོས་ངོ་རྒོལ་བྱས་པའི་གནས་ཚུལ་བྱུང་བར་བརྟེན་ད་ཆ་ཁུལ་དེའི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཕྱིར་འབུད་བཏང་འདུག

རྒྱ་ནག་གཞུང་འབྲེལ་ཤིན་ཧཱ་གསར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ནང་གྲོང་ཁྱེར་ཨུ་རུམ་ཆིའི་དམར་ཤོག་ཚོགས་པའི་འགོ་ཁྲིད་ལི་ཀྲི་དེ་རིང་ཕྱིར་འབུད་བཏང་ཡོད་པའི་གནས་ཚུལ་གསལ་བསྒྲགས་བྱས་ཡོད་པ་ལས་རྒྱུ་མཚན་ཇི་ཡིན་གསལ་བཤད་བྱས་མེད་ནའང་རེས་གཟའ་ཕུར་བུ་དང་པ་སངས་གཉིས་ལ་ཨུ་རུམ་ཆི་ནང་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་བྱེད་སྐབས་འགོ་ཁྲིད་ལི་ཀྲི་དང་དཔོན་རིགས་གཞན་ཚོས་གྲོང་ཁྱེར་ནང་མང་ཚོགས་ཀྱི་བདེ་འཇགས་འགན་ལེན་ཡག་པོ་བྱས་མེད་པའི་སྐྱོན་བརྗོད་ཐོག་ནས་ལི་ཀྲི་ཕྱིར་འབུད་བྱ་རྒྱུའི་དགོས་འདུན་བཏོན་ཡོད་པ་རེད།

འདས་པའི་བདུན་ཕྲག་གི་ནང་ཨུ་རུམ་ཆི་ཁུལ་དུ་སྨན་ཁབ་བཙུགས་ནས་གནོད་འཚེ་བྱེད་བའི་ལམ་སྲོལ་ཞིག་དར་ཡོད་པ་དེ་རྒྱ་ནག་གི་འཛིན་སྐྱོང་དཔོན་རིགས་ཚོས་ཡུ་གུར་ཁ་ཆེའི་མི་རིགས་ཚོའི་བྱ་སྤྱོད་ཡིན་པའི་སྐྱོན་འཛུགས་བྱས་ཏེ་ཁུལ་དེའི་ནང་རྒྱ་ཧན་མི་རིགས་དང་ཁ་ཆེ་ཡུ་གུར་མི་རིགས་དབར་འགལ་ཟླ་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཆགས་བཞིན་ཡོད་པ་རེད།

གོང་ཞུས་གནས་སྟངས་དེའི་ཐོག་བཏང་འཛིན་ཐུབ་ཐབས་སུ་རྒྱ་ནག་གི་འཛིན་སྐྱོང་དཔོན་རིགས་ཚོས་ལི་ཀྲི་ལས་གནས་ནས་ཕྱིར་འབུད་བཏང་སྟེ་དམར་ཤོག་ཚོགས་པའི་འགོ་ཁྲིད་ལ་གྲོང་ཁྱེར་ཨུ་རུམ་ཆིའི་ནང་གི་ཁྲིམས་དོན་ལག་བསྟར་འགན་འཛིན་ཀྲུའུ་ཧའེ་ལུན་བསྐོ་བཞག་བྱས་ཡོད་པ་རེད།

གྲོང་ཁྱེར་ཨུ་རུམ་ཆི་ནང་སྨན་ཁབ་བཙུགས་ནས་གནོད་འཚེ་བྱེད་ཡག་གི་བྱ་སྤྱོད་དེ་ཕྱི་ཟླ་བརྒྱད་པའི་ཚེས་ཉི་ཤུ་ནས་འགོ་འཛུགས་བྱུང་ཡོད་ཅིང་ཁ་ས་ཨུ་རུམ་ཆི་གྲོང་ཁྱེར་སྤྱི་ཁྱབ་ཀྲང་ཧུང་གིས་སྨན་ཁབ་བཙུགས་མཁན་ཡིན་པར་དོགས་པ་བྱེད་སའི་མི་ཉི་ཤུ་རྩ་གཅིག་ད་བར་འཛིན་བཟུང་བྱས་པའི་ནང་ནས་མི་གྲངས་བཞིའི་ནག་ཉེས་ར་འཕྲོད་བྱུང་ཡོད་པ་དང་དེ་ཚོ་ཚང་མ་ཡུ་གུར་མི་རིགས་ཡིན་པ་དང་གནོད་འཚེ་གཏོང་ཡུལ་དེ་ཚོ་ཕལ་ཆེ་བ་རྒྱ་ཧན་མི་རིགས་ཡིན་སྐོར་འགྲེལ་བརྗོད་བྱས་འདུག

ཇར་མ་ནི་ནང་རྟེན་གཞི་བྱས་པའི་འཛམ་གླིང་ཡུ་གུར་ཚོགས་པས་བརྗོད་ཡག་ལ་འདས་པའི་ཉི་མ་གཉིས་རིང་རྒྱ་ཧན་མི་རིགས་ཚོས་ངོ་རྒོལ་བྱས་པའི་སྐབས་ཡུ་གུར་མི་རིགས་བཅུ་རྐྱེན་ལམ་དུ་བཏང་ཡོད་པ་དང་ངོ་རྒོལ་བྱེད་མཁན་ཚོས་རེས་གཟའ་པ་སངས་ཉིན་ཨུ་རུམ་ཆི་ཁུལ་གྱི་ནན་མོན་ཁ་ཆེའི་མཆོད་ཁང་ནང་བཙན་འཛུལ་བྱ་རྩིས་བྱས་ཡོད་ནའང་འཛིན་སྐྱོང་མི་སྣ་ཚོས་བཀག་འགོག་བྱས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎