རྒྱ་ནག་ནང་གསར་འགྱུར་ནོར་འཁྲུལ་ཅན་མི་སྤེལ་བའི་འབོད་སྐུལ།
2011.01.16
༄༅༎ཉེ་ཆར་རྒྱ་ནག་ནང་ནོར་འཁྲུལ་གྱི་གསར་འགྱུར་གཉིས་གཏོང་སྤེལ་བྱས་ཏེ་གསར་འགྱུར་ལས་དོན་ཐོག་ནོར་འཁྲུལ་ཚབས་ཆེ་བྱུང་བའི་རྗེས་རྒྱ་ནག་གི་གསར་འགོད་པ་ཚོས་གནས་ཚུལ་ནོར་འཁྲུལ་གཏོང་སྤེལ་མི་བྱེད་པའི་སྔོན་འགོག་བྱ་རྒྱུ་དང་སྤྱི་ཚོགས་ཀྱི་འགན་ཁྲིའི་ལས་དོན་གོང་འཕེལ་གཏོང་དགོས་པའི་ཛ་དྲག་གི་འབོད་སྐུལ་བྱེད་བཞིན་ཡོད་པ་རེད། དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་རྒྱལ་ཡོངས་གསར་འགོད་མཉམ་འབྲེལ་ཚོགས་པ་དང་རྒྱ་ནག་དབུས་གཞུང་གི་དྲིལ་བསྒྲགས་ཚན་པ། གསར་འགོད་དང་དཔེ་སྐྲུན་སྤྱི་ཁྱབ་འཛིན་སྐྱོང་ཁང་བཟུང་འབྲེལ་གྱིས་གསལ་བསྒྲགས་ཤིག་འགྲེམས་སྤེལ་བྱས་ཏེ། ཕྱི་ལོ་༢༠༡༠ལོའི་ཕྱི་ཟླ་༡༢ པའི་ཚེས་༦ཉིན་པེ་ཅིན་དུ་ཡོད་པའི་རྒྱ་ནག་གི་བདུན་རེའི་དུས་དེབ་ཞེས་པའི་གསར་ཤོག་ལས་ཁང་གིས་དྲག་རྩལ་མཁས་པ་ཅིན་ཡོང་འདས་གྲོངས་སུ་ཕྱིན་པ་རེད་ཅེས་ནོར་འཁྲུལ་གྱི་གསར་འགྱུར་བཀོད་སྤེལ་བྱས་པའི་གནས་ཚུལ་ལུང་འདྲེན་བྱས་ཏེ། གསར་འགྱུར་ལས་ཁང་གི་རྩོམ་བྲིས་པས། ནོར་འཁྲུལ་གྱི་གསར་འགྱུར་དེ་དྲ་རྒྱའི་ཐོག་ནས་བལྟ་ཀློག་བྱས་ཏེ་དུས་དེབ་ཐོག་བཀོད་སྤེལ་བྱས་པ་ནི། གསར་འགྱུར་ལས་ཁང་གིས། གནས་ཚུལ་དེ་བདེན་པ་ཡིན་མིན་རྩེད་གཅོད་བྱེད་པའི་ཐབས་ལམ་ལག་བསྟར་མ་བྱས་པར་ལས་དོན་ཐོག་ཧུད་རྒྱུགས་བྱས་པ་མ་ཟད། གསར་འགྱུར་དེ་ཡིས་དོ་བདག་གི་སེམས་ཚོར་ལ་གནོད་འཚེ་བཟོས་པའི་ཁར་དྲ་རྒྱ་དེའི་ཐོག་ལ་སྤྱི་ཚོགས་ཀྱི་ཐོག་ནས་སྐྱོན་བརྗོད་དྲག་པོ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད། དེར་བརྟེན་ནོར་འཁྲུལ་གྱི་གསར་འགྱུར་དུས་དེབ་ཐོག་འགྲེམས་སྤེལ་བྱས་ཟིན་པར་བརྟེན་ནས་ནོར་འཁྲུལ་ཇི་ལྟར་ཤོར་ཡོད་མེད་གནས་ཚུལ་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ཏེ། ནོར་འཁྲུལ་གྱི་འགན་འཁྲི་ཡོད་མཁན་དེར་ཉེས་ཆད་གཏོང་གི་རེད་ཅེས་བཀོད་ཡོད་པ་རེད།