པཎ་ཆེན་ལ་ཕེབས་བསུ་དང་མཇལ་ཁར་བཅར་དགོས།
2014.08.26
བོད་ཆས་གྱོན་ཞིང་ལག་པར་ཁ་བཏགས་འཁྱེར་ཏེ་ཕྱག་དབང་ཞུ་བར་མ་བཅར་ན་ཆབ་སྲིད་ཀྱི་ཉེས་བ་གཏོང་རྒྱུའི་བཙན་བཀའ་བཏང་འདུག
རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་ལ་མང་ཚོགས་ཀྱིས་མཇལ་ཁར་བཅར་དགོས་པའི་བཙན་བཀའ་བཏང་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྒྱལ་མཚན་ནོར་བུ་དེང་སྐབས་བོད་རང་སྐྱོང་ལྗོངས་ཟེར་བ་འདིའི་ནང་ཡོད་པ་དང་། གཞིས་རྩེ་རྣམ་གླིང་རྫོང་དུ་ཚེས་༢༤ཉིན་བསྐྱོད་པའི་སྐབས་རྣམ་གླིང་ཤང་གིས་དེའི་མངའ་ཁོངས་གྲོང་ཚོ་༡༢ཡོད་པ་ཁག་ལ་བརྡ་ཐོ་བཏང་སྟེ་གྲོང་ཚོ་རེ་ནས་མི་༨༠ངེས་པར་དུ་གཏོང་དགོས་པའི་ཐོག་བོད་ཆས་གྱོན་ཞིང་ལག་པར་ཁ་བཏགས་འཁྱེར་ཏེ་ཕྱག་དབང་ཞུ་བར་བཅར་དགོས་པའི་བཙན་བཀའ་བཏང་ཡོད། གལ་ཏེ་མཇལ་ཁ་ཞུ་བར་མ་ཡོང་ན་ཆབ་སྲིད་ཀྱི་ཉེས་པ་གཏོང་རྒྱུ་ཡིན་པ་བརྗོད་འདུག ཡང་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་མཇལ་བར་སྐྱོད་མཁན་བཀོད་སྒྲིག་བྱས་པ་དེ་དག་གི་ཁ་པར་ཨང་གྲངས་དང་སྤྱི་འབངས་ཀྱི་ཐོབ་ཐང་ལག་འཁྱེར་སོགས་ཚང་མ་ཐོ་བཀོད་བྱས་འདུག
ཡང་རྒྱ་ནག་གི་བསྐོ་བཞག་བྱས་པའི་པཎ་ཆེན་གཙང་རྣམ་གླིང་དུ་སྐྱོད་སྐབས་སྔ་ས་ནས་ཐོ་བཀོད་བྱེད་བཅུག་པའི་མི་ལས་དེ་མིན་ཚང་མ་རང་ཁྱིམ་དུ་སྡོད་དགོས་པ་ལས་ཕྱིར་ཐོན་མི་ཆོག་པ་དང་། ཐོག་ཁང་པའི་སྒེའུ་ཁུང་དང་ལམ་སྣེ་སོགས་གང་ས་ནས་བལྟ་མི་ཆོགཔ་། གལ་ཏེ་དེ་འདྲ་བྱུང་ཚེ་ལམ་སེང་ཉེས་པ་གཏོང་རྒྱུའི་ཉེན་བརྡ་བཏང་འདུག
དེ་མིན་རྒྱ་ནག་གི་བསྐོ་བཞག་བྱས་པའི་པཎ་ཆེན་སྐྱོད་ཡུལ་དགོན་པར་སྣེ་ལེན་གྲ་རྒྱས་བྱེད་ཆེད་རྒྱ་ནག་གི་མི་དམངས་ཤོག་སྒོར་ཁྲི་༡༥སྤྲད་དེ་བཞུགས་ཁྲི་གསར་པ་ཉོས་དགོས་པ་དང་། ཆོས་མཛད་པ་གསར་པ་ཉོས་དགོས་པ། ཉེ་འཁོར་ལ་གཙང་སྦྲ་བྱེད་དགོས་པ། དགོན་པར་དངོས་སུ་ཕེབས་པའི་སྐབས་གྲྭ་པའི་རྣམ་འགྱུར་ཡག་པོ་དགོས་ལུགས་སོགས་བརྗོད་ཡོད་འདུག
ཕྱི་ཟླ་༨ཚེས་༢༤ཉིན་གཙང་རྣམ་གླིང་རྫོང་ལ་ཡོད་པའི་རྣམ་གླིང་དགོན་པ་གཉིས་ལ་སྐྱོད་དེ་དགའ་ལྡན་ཆོས་འཁོར་གྱི་འདུས་ཚོགས་ཡོངས་ལ་དགའ་ལྡན་ལྷ་བརྒྱ་མ་དང་ལམ་གཙོ་རྣམ་གསུམ། ཡོན་ཏན་བཞི་གྱུར་མ་བཅས་ཀྱི་ལུང་གནང་ཡོད་ཅིང་། གཞིས་རྩེ་ས་གནས་ཀྱི་དམར་ཤོག་དྲུང་ཆེ་བསྟན་འཛིན་རྣམ་རྒྱལ་དང་བཀྲ་ལྷུན་དགོན་པའི་འཛིན་སྐྱོང་འགན་འཛིན་ཕུན་ལག་དང་སྙན་གྲགས་སོགས་དཔོན་རིགས་ཁག་དང་། གྲྭ་གྲངས་སུམ་བཅུ་ཙམ་དང་དམག་མི་དང་ཉེན་རྟོག་སྐུ་སྲུང་མི་སྣ་བཅས་ལྔ་བརྒྱ་ལྷག་མཉམ་དུ་ཡོད་འདུག
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།