རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་མ་འོངས་ཕུགས་རྒྱང་རིང་བོའི་ལག་ཆ་དང་བེད་སྤྱོད་གཏོང་ཆེད་ཡིན་པ་ཉམས་ཞིབ་པས་གསུངས་སོང་།

2022.02.25
རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་མ་འོངས་ཕུགས་རྒྱང་རིང་བོའི་ལག་ཆ་དང་བེད་སྤྱོད་གཏོང་ཆེད་ཡིན་པ་ཉམས་ཞིབ་པས་གསུངས་སོང་། རྒྱལ་མཚན་ནོར་བུ་ཡིས་རྒྱ་ནག་གཞུང་གིས་གསོ་སྐྱོང་བྱས་པ་ཆུད་ཟོས་སུ་མི་གཏོང་བར་རྒྱལ་གཅེས་ཆོས་གཅེས་ཟེར་བ་ལག་བསྟར་དོན་འཁྱོལ་དང་། ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་བར་འབད་བརྩོན་དགོས་པའི་སྐུལ་མ་བཏང་ཡོད་པ།
རྒྱ་ནག་གཞུང་འབྲེལ་གསར་ལམ་གྱི་པར།

ཟླ་འདིའི་ཕྱི་ཚེས་༢༣ཉིན་པེ་ཅིན་གྲོང་ཁྱེར་དུ། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ཡེའུ་ཆོན་ཟེར་བ། རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ལགས་སུ་ཆེད་དུ་ཐུག་འཕྲད་བྱས་ཏེ། རྒྱལ་མཚན་ནོར་བུ་ཡིས་རྒྱ་ནག་གཞུང་གིས་གསོ་སྐྱོང་བྱས་པ་ཆུད་ཟོས་སུ་མི་གཏོང་བར་རྒྱལ་གཅེས་ཆོས་གཅེས་ཟེར་བ་ལག་བསྟར་དོན་འཁྱོལ་དང་། ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་བར་འབད་བརྩོན་དགོས་པའི་སྐུལ་མ་བཏང་ཡོད་པ་དང་། བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་སྐྱབས་རྗེ་མཁན་རིན་པོ་ཆེ་གཟིག་རྒྱབ་སྤྲུལ་སྐུ་ནས། རྒྱ་ནག་གཞུང་གིས་ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱལ་བ་པཎ་ཆེན་གཉིས་ཀྱི་ཡང་སྲིད་ངོས་འཛིན་བྱེད་སྟངས་སོགས་གཞི་རྩར་བཟུང་ནས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་དེ་སྤྱིར་བཏང་གི་གནད་དོན་ཙམ་མ་ཡིན་པའི་ཐོག་ནས། རྒྱལ་མཚན་ནོར་བུ་ཕྱོགས་གང་ཐད་ནས་མ་འོངས་ཕུགས་རྒྱང་རིང་བོའི་ལག་ཆ་དང་བེད་སྤྱོད་གཏོང་རྒྱུའི་ཆེད་ཡིན་སྐོར་གསུངས་སོང་།
ཡེའུ་ཆོན་ཟེར་བས་རྒྱལ་མཚན་ནོར་བུར་རང་ཉིད་ཚོད་འཛིན་ནན་པོ་དང་ཁེངས་སྐྱུང་གཟབ་ནན་བྱས་ཏེ། ཏང་ཀྲུང་དབྱང་གི་གསོ་སྐྱོང་དང་། དད་ལྡན་མང་ཚོགས་ཀྱི་བརྩི་བཀུར། ཆོས་ལུགས་ལས་རིགས་ཀྱི་གུས་བཀུར་བཅས་ཆུད་ཟོས་སུ་གཏོང་མི་རུང་བ་སོགས་བརྗོད་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཚེ་བརྟན་ལགས་ནས་རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་དང་ལྷན་ལོ་ལྟར་ཐུག་འཕྲད་ཀྱིས་དམར་ཤོག་ཚོགས་པའི་ཁ་ལ་ཉན་དགོས་སྐོར་བརྗོད་བཞིན་པ་དེ། རྒྱལ་མཚན་ནོར་བུ་བེད་སྤྱོད་དང་མི་མང་ཁྲོད་ཁོའི་མཐོང་ཆེ་རུ་འགྲོ་ཆེད་མཐོ་རིམ་འགོ་ཁྲིད་ཁག་དང་ཐུག་འཕྲད་བྱ་བཅུག་སྟེ། རྒྱལ་མཚན་ནོར་བུར་སྐད་ཆ་བཤད་བཅུག་ནས་ཁོའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཐད་ཉམས་ཚོད་ལེན་བཞིན་པ་ལྟ་བུ་ཞིག་ཆགས་ཡོད་སྐོར་བརྗོད་བྱུང་།

ཡང་ཐུག་འཕྲད་དང་འབྲེལ་རྒྱལ་མཚན་ནོར་བུས་ཡིའུ་ཆོན་ཟེར་བར་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་གྲུབ་འབྲས་གསར་པ་ཐོབ་ཆེད་ཧུར་ཐག་བྱ་རྒྱུ་སོགས་བཤད་ཡོད་པ་དང་། ཡང་གཟིག་རྒྱབ་རིན་པོ་ཆེ་མཆོག་ནས་ཐེངས་འདིར་རྒྱ་ནག་གཞུང་ཕྱོགས་ནས་རྒྱལ་མཚན་ནོར་བུས་རྒྱ་ནག་གི་ཁ་ལ་ཉན་རྒྱུའི་ཁས་ལེན་བྱས་ཡོད་སྐོར་བསྒྲགས་ཡོད་ན་ཡང་། རྒྱལ་མཚན་ནོར་བུ་ལ་མཚོན་ན་བཙན་དབང་དང་གཞན་དབང་གི་འོག་ནས་རང་དབང་གང་ཡང་མེད་སྟབས། དེ་ལྟར་བཤད་དགོས་ཆགས་ཀྱི་ཡོད་སྐོར་གསུངས་སོང་།

སྔར་ལོའི་ཕྱི་ཟླ་༧་ཚེས་༡༢་ནས་བཟུང་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་རྒྱ་ནག་གཞུང་གི་གོ་སྒྲིག་འོག་མདོ་སྟོད་སྨད་གཉིས་ཀྱི་ས་ཆ་ཁག་ཅིག་ནང་སོང་ཡོད་ན་ཡང་། སྐབས་དེར་རྒྱ་ནག་གཞུང་གིས་བོད་མི་ཚོར་རྒྱལ་མཚན་ནོར་བུ་ངེས་པར་དགའ་བསུ་ཞུ་རུ་ཡོང་དགོས་པ་དང་། དེ་བཞིན་འགྲོ་ལམ་ཁག་ཏུ་འཁེལ་བའི་བོད་མི་ཚོར་གང་བྱུང་འགྲོ་འོང་དང་རླངས་འཁོར་སོགས་འགྲོ་སྐྱོད་མི་ཆོག་པ་སོགས་གཞུང་ངོས་ལས་གྲ་སྒྲིག་ཆེན་པོ་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་གྲ་སྒྲིག་བྱས་པའི་དགའ་བསུ་ཞུ་མཁན་ཁག་ལས། གཞན་བོད་མི་སྤྱི་ནས་ནམ་རྒྱུན་བོད་ཀྱི་བླ་ཆེན་ཚོར་དྭང་དུ་བླང་ནས་མཇལ་ཁར་འགྲོ་བའི་རྣམ་པ་གང་ཡང་མེད་སྐོར་འབྲེལ་ཡོད་བོད་ནང་གི་བོད་མི་ཞིག་གིས་སྐབས་དེར་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༦་ལོར་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་གྱི་དབང་ཆ་རྒྱ་ནག་གཞུང་ལ་ཡོད་སྐོར་བརྗོད་ནས་ཁྲིམས་སྒྲིག་མང་པོ་ཞིག་བཟོས་ཡོད་པ་ལྟར། ཕྱི་ལོ་༢༠༡༧་ལོ་ནས་རྒྱ་ནག་གཞུང་ནས་དྲ་ལམ་ཐོག་གཞུང་འབྲེལ་གྱི་ངོས་འཛིན་ཡོད་པའི་བླ་སྤྲུལ་གྱི་མིང་གཞུང་ཐོ་བཀོད་ཀྱི་ལས་གཞི་འགོ་འཛུགས་བྱས་ཏེ། བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གཙོས་བོད་ཀྱི་བླ་ཆེན་ཁག་གི་ཡང་སྲིད་ངོས་འཛིན་རྒྱ་ནག་གཞུང་ལ་ཡོད་སྐོར་ཤུགས་ཆེར་བརྗོད་བཞིན་ཡོད་ཀྱང་། བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་བླ་སྤྲུལ་ཁག་ལ་ཆེ་བསྟོད་ཞུ་བཞིན་མེད་པ་ཡོང་གྲགས་ཡིན་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎