རྒྱ་ནག་ཨུ་ཁའན་གྲོང་ཚོའི་མིས་མུ་མཐུད་ངོ་རྒོལ་རྔམ་སྟོན།
2011.12.19
༄༅༎རྒྱ་ནག་ལྷོ་ཕྱོགས་ཀོང་ཏུང་ཞིང་ཆེན་གྱི་ཨུ་ཁའན་གྲོང་ཚོའི་ནང་གི་མང་ཚོགས་ཚོས་བདུན་གཅིག་རིང་ངོ་རྒོལ་བྱས་རྗེས། རྒྱ་ནག་གཞུང་གིས་ས་ཞིང་བཙན་འཕྲོག་བྱས་པ་དང༌། མི་གཅིག་འཛིན་བཟུང་སྐབས་རྐྱེན་འདས་སུ་ཕྱིན་པའི་དོན་རྐྱེན་ཐད་ངོ་རྒོལ་མུ་མཐུད་བྱ་ཕྱིར་དེ་རིང་ཁུལ་དེའི་མི་མང་ཚོས་ས་གནས་གཞུང་གི་ལས་ཁུངས་མདུན་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་བྱ་རྒྱུའི་དམ་བཅའ་བཞག་འདུག།
ཨུ་ཁའན་གྲོང་ཚོའི་ཁྲོམ་གཞུང་དུ་མང་ཚོགས་ཀྱི་འདུ་འཛོམས་ཤིག་ཐོག་གྲོང་གསེབ་གྱི་འགོ་གཙོ་དབྱང་སེ་མའོ་ཡིས་ངོ་རྒོལ་བྱེད་མཁན་འགོ་ཁྲིད་ཚོས་རྒྱ་ནག་གཞུང་ལ་སྤྲོད་རྒྱུའི་སྙན་ཞུ་ཞིག་གྲ་སྒྲིག་བྱེད་བཞིན་ཡོད་པའི་ནང༌། ས་ཞིང་ཕྱིར་སློག་རྩིས་སྤྲོད་དགོས་པའི་དགོས་འདུན་བཏོན་ཡོད་ཅེས་འགྲེལ་བརྗོད་བྱས་པར་ཞིང་པ་བརྒྱ་ཕྲག་མང་པོས་ཐལ་མོ་བརྡབ་ནས་རྒྱབ་སྐྱོར་བྱས་འདུག། དེ་བཞིན་དབྱང་སེ་མའོ་ཡིས་ རེས་གཟའ་ལྷག་པའི་ཉིན་ཉེ་འཁྲིས་གཞུང་གི་ལས་ཁང་མདུན་མང་ཚོགས་ཀྱི་ངོ་རྒོལ་སྐད་འབོད་གཞི་རྒྱ་ཆེན་པོ་ཞིག་བྱ་རྒྱུ་ཡིན་པ་དང༌། ལས་འགུལ་དེ་ནས་མང་ཚོགས་ཚོ་ཕྱིར་བཤིག་རྒྱབ་རྒྱུ་མིན་སྐོར་བརྗོད་འདུག།