རྒྱ་ནག་གཞུང་གིས་རྨ་སྟོད་ཁུལ་དུ་ཁ་འཐོར་འབྲོག་པ་ཚོར་ཁྲིམས་ལུགས་དྲིལ་བསྒྲགས་ཞེས་ཞོར་དུ་རི་མགོར་དར་དམར་ཆེད་འཛུགས་རིགས་བྱེད་བཞིན་ཡོད་འདུག

2022.01.17
རྒྱ་ནག་གཞུང་གིས་རྨ་སྟོད་ཁུལ་དུ་ཁ་འཐོར་འབྲོག་པ་ཚོར་ཁྲིམས་ལུགས་དྲིལ་བསྒྲགས་ཞེས་ཞོར་དུ་རི་མགོར་དར་དམར་ཆེད་འཛུགས་རིགས་བྱེད་བཞིན་ཡོད་འདུག འབྲོག་པ་ཚོར་བཙན་ཐབས་ཀྱིས་རྒྱ་ནག་གི་ཆབ་སྲིད་བསམ་བློ་དྲིལ་བསྒྲགས་དང་འབྲོག་སའི་རི་མགོ་ཁག་ཏུ་དར་ལྕོགས་འཐེན་སར་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱེད་བཞིན་ཡོད་པ།
མཐུན་འགྱུར་པར་རིས།

ཕྱི་ལོ་༢༠༢༢ལོའི་ལོ་འགོ་ནས་བཟུང་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁུལ་དུ་སྲིད་གཞུང་གི་ཁྲིམས་ལུགས་དྲིལ་སྒྲོག་རུ་ཁག་ཞེས་པ་ཞིག་གིས། འབྲོག་པ་ཚོར་སྲིད་གཞུང་གི་ཁྲིམས་ལུགས་ཤེས་བྱ་སྒོ་ཁར་སྐྱེལ་བ་ཞེས་པའི་ལས་འགུལ་འོག། འབྲོག་ཁུལ་དུ་ཆེད་སྐྱོད་ཀྱིས་འབྲོག་པ་ཚོར་བཙན་ཐབས་ཀྱིས་ཚོགས་འདུ་འདྲ་མིན་ཚོགས་ནས་རྒྱ་ནག་གི་ཆབ་སྲིད་བསམ་བློ་དྲིལ་བསྒྲགས་དང་། ཞོར་དུ་འབྲོག་སའི་རི་མགོ་ཁག་ཏུ་ཉུལ་ནས་དར་ལྕོགས་འཐེན་ས་ཁུལ་དུ་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱེད་བཞིན་ཡོད་པ། བཙན་བྱོལ་དུ་ཡོད་པའི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ།ཁྲིམས་ལུགས་དྲིལ་བསྒྲགས་རུ་ཁག་ཞེས་པ་དེ་སྲིད་གཞུང་གིས་ཆེད་དུ། ས་ཁུལ་ཁག་ཏུ་ཁ་འཐོར་དུ་ཡོད་པའི་འབྲོག་པ་ཚོའི་ཆེད་དུ་བཙུགས་པ་ཞིག་ཡིན་པ་དང་། ཁོང་ཚོའི་ལས་དོན་གཙོ་བོ་འབྲོག་ས་ཁུལ་དུ་རྐང་ཐང་དང་རྟ་ཞོན་པ་སོགས་བྱས་ཏེ། འབྲོག་པ་ཁྱིམ་ཚང་གཅིག་ལས་མེད་ཀྱང་ཁྲིམས་ལུགས་ཞེས་རྒྱ་ནག་གཞུང་གི་བསམ་སྲིད་བསམ་བློ་ཞེས་པ་དྲིལ་བསྒྲགས་བྱེད་བཞིན་ཡོད་ན་ཡང་། ཞོར་དུ་ཡུལ་མི་ཚོའི་བསང་གསོལ་བྱེད་ས་ཁག་ཏུ་རྒྱ་ནག་གི་དར་དམར་ཆེད་འཛུགས་དང་། རི་མགོ་སོགས་སུ་དར་ལྕོགས་མང་པོ་ཡོད་ན་ཁོར་ཡུག་ལ་གནོད་སྐོར་བརྗོད་ནས་མར་ཕབ་པ་དང་། བསང་ཁྲི་ཆེན་པོ་ཁག་གཏོར་བཤིག་གཏོང་བ་སོགས་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་དེ་སྔ་ནས་ཁྲིམས་ལུགས་དྲིལ་བསྒྲགས་ཞེས་བོད་ནང་གི་ས་ཁུལ་ཁག་ཏུ་རྒྱ་ནག་གི་ཆབ་སྲིད་བསམ་བློ་ཟེར་བ། བཙན་ཐབས་ཀྱིས་བོད་ཀྱི་རོང་འབྲོག་མང་ཚོགས་ལ་ཆེད་དུ་སློབ་གསོ་སྤྲོད་བཞིན་ཡོད་པ་དང་། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས།རྒྱ་ནག་གཞུང་གིས་བོད་ཀྱི་རོང་འབྲོག་ཁུལ་དུ་རི་མགོ་དང་ཁང་པ། སྦྲ་གུར་ཡན་གྱི་སྒོ་ཁ་སོགས་སུ་དར་ལྕོགས་འཛུགས་རྒྱུ་ཚུན་ཆད་ལ་དམ་དྲག་དང། དེའི་ཚབ་ཏུ་རྒྱ་ནག་གི་དར་དམར་དང་འགོ་ཁྲིད་ཁག་གི་པར་རིས་གཤམ་བཅུག་བཞིན་པ་དེས། བོད་མི་ཚོར་སུན་བཙེར་ཤུགས་ཆེར་ཡོང་གཞི་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་། 
རྒྱ་ནག་གཞུང་གིས་སྔར་ལོ་ནས་བཟུང་བོད་ཀྱི་རོང་འབྲོག་ས་ཁུལ་དུ་ཁྲིམས་ལུགས་དྲིལ་བསྒྲགས་ལས་གཞི་ཟེར་བའི་འོག། བོད་ས་ཡོངས་སུ་རྣམ་པ་འདྲ་མིན་ངོས་ནས་རྒྱ་ནག་གི་ཆབ་སྲིད་སློབ་གསོ་ཤུགས་ཆེན་སྤེལ་བ་དང་། དགོན་སྡེ་ཁག་ཏུ་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་ལས་གཞི་ཞེས་པ་དངོས་སུ་ལག་བསྟར་དང་། ལྷག་པར་དུ་དགོན་པ་ཁག་ཏུ་གྲྭ་བ་ལོ་གཞོན་ཚོ་ཕྱིར་ཕུད་སོགས་ཀྱི་ལས་འགུལ་རིམ་པར་སྤེལ་བཞིན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎