ཨ་རིའི་སྲིད་འཛིན་སྐུ་གཞོན་དང་རྒྱ་ནག་སྲིད་འཛིན་མཇལ་འཕྲད།
2011.08.19
༄༅༎ཨ་རིའི་སྲིད་འཛིན་གཞོན་པ་ཇོ་སྦའེ་ཌེན་མཆོག་ཉིན་གྲངས་ལྔའི་རིང་རྒྱ་ནག་ཏུ་འཚམས་འདྲི་གཟིགས་བསྐོར་གནང་བཞིན་ཡོད་པ་ནས་དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་ནག་མི་མང་ཚོགས་ཁང་ཆེན་མོའི་ནང་སྲིད་འཛིན་ཧུ་ཇིན་ཏོ་མཆོག་དང་མཇལ་འཕྲད་གནང་ཡོད་པ་རེད།
སྲིད་འཛིན་གཞོན་པ་སྦའེ་ཌེན་མཆོག་གིས། གྲོགས་པོ་རྙིང་པ་ཞིག་མཇལ་འཕྲད་གནང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་པ་དང་། སྲིད་འཛིན་ཧུ་ཇིན་ཏོའི་ངོས་ནས་ཀྱང་ལོ་འདིའི་འགོ་སྟོད་དུ་ཨ་རིར་ཕེབས་པའི་སྐབས་སྣེ་ལེན་ཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་ཆབས་ཅིག་ད་རེས་རྒྱ་ནག་ནང་འཚམས་འདྲི་གནང་བ་བརྒྱུད་རྒྱ་ནག་རྒྱལ་ཁབ་དང་མི་མང་གི་གནས་སྟངས་དངོས་སུ་གཟིགས་ཞིབ་ཐུབ་པ་བྱུང་ཡོད་པའི་རེ་བ་ཡོད་ལ་ཡུལ་གཉིས་དབར་འབྲེལ་བ་དམ་ཟབ་གཏོང་རྒྱུར་ཕན་ཐོགས་ཡོང་རྒྱུའི་རེ་བ་ཡང་ཡོད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།
ཡང་ཨ་རིའི་སྲིད་འཛིན་གཞོན་པ་སྦའེ་ཌེན་མཆོག་གིས་ཀྱང་། སྲིད་འཛིན་ཨོ་སྦ་མ་མཆོག་ནས་ད་རེས་ངའི་བལྟ་སྐོར་འདི་བརྒྱུད་ནས་རྒྱ་ནག་མི་མང་ཚོར་འཚམས་འདྲི་དང་བཅས་ཡུལ་གཉིས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་ཙམ་དུ་མ་ཟད་ཐུན་མོང་གི་ཐོག་ནས་འཛམ་གླིང་ཡར་རྒྱས་གཏོང་ཕྱོགས་སུ་ཕན་རླབས་ཡོང་ཐབས་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་ནན་བརྗོད་བྱེད་དགོས་ལུགས་བཀའ་མངགས་གནང་བྱུང་ཞེས་གསུངས་ཡོད་འདུག
དེའི་གོང་སྲིད་འཛིན་གཞོན་པ་སྦའེ་ཌེན་མཆོག་ནས་རྒྱ་ནག་གི་སྲིད་བློན་མཆོག་དང་སྲིད་འཛིན་གཞོན་པ་ཤི་ཅི་པིང་གཉིས་དང་ཡང་མཇལ་འཕྲད་གནང་ཡོད་པ་རེད། ཨ་རིའི་སྲིད་འཛིན་གཞོན་པའི་ཐུགས་འགན་བཞེས་ནས་གཞུང་འབྲེལ་གྱི་འཚམས་འདྲི་གནང་བ་ད་རེས་ཐོག་མ་དེ་ཡང་ཆགས་ཀྱི་ཡོད་པ་རེད།