ཕེ་རན་སི་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ།
2009.04.25
༄༅༎རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཏའོ་ཡིས་ཕེ་རན་སི་གྲོས་ཚོགས་ཀྱི་ཚོགས་གཙོ་སྦར་ནརཌི་ཨ་ཀོ་ཡར་མཇལ་འཕྲད་ཀྱིས་ཡུལ་གཉིས་ཀྱི་མཛའ་འབྲེལ་བཟང་དུ་གཏོང་ཕྱོགས་སྐོར་བཀའ་བསྡུར་གནང་ཡོད་འདུག
འདི་ལོ་རྒྱ་ནག་དང་ཕེ་རན་སིའི་དབར་གཞུང་འབྲེལ་དབུ་བརྙེས་ནས་ལོ་བཞི་ཅུ་ཞེ་ལྔ་འཁོར་གྱི་ཡོད་པ་དང་ད་བར་ཡུལ་གཉིས་དབར་གྱི་འབྲེལ་ལམ་ཐད་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་ལྷག་དོན་དུ་ད་ནས་བཟུང་ཡུལ་གཉིས་ཀྱི་གྲོས་ཚོགས་ཀྱི་འཐུས་མིའི་དབར་འབྲེལ་ལམ་ཆེ་རུ་གཏང་རྒྱུ་གལ་ཆེ་ངོས་འཛིན་གནང་གི་ཡོད་ལུགས་སྲིད་འཛིན་ཧུ་ཅིན་ཏའོ་ཡིས་རེས་གཟའ་པ་སངས་ཉིན་གཏམ་བཤད་གནང་འདུག སྔ་ལོ་ཕྱི་ཟླ་བཅུ་གཉིས་པའི་ནང་ཕེ་རན་སིའི་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཛི་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་བར་བརྟེན་ནས་རྒྱ་ནག་དང་ཕེ་རན་སིའི་འབྲེལ་ལམ་སྡུག་ཏུ་ཕྱིན་པ་ཡོངས་གྲགས་རེད། འོན་ཀྱང་བར་ལམ་ནས་ཕྱོགས་གཉིས་ཀས་དེ་སྔའི་མཛའ་འབྲེལ་བསྐྱར་གསོ་གནང་རྒྱུའི་དགོས་གལ་ལ་གཟིགས་ནས་ཉེས་དུས་ཕྱི་ཟླ་བཞི་པའི་ཚེས་གཅིག་ཉིན་ཡུལ་གཉིས་ཀས་འབྲེལ་ལམ་བསྐྱར་གསོ་གནང་རྒྱུ་དང་གཉིས་ཀས་ཕན་ཚུན་གྱི་ནང་སྲིད་ལ་ཐེ་བྱུས་མི་གནང་རྒྱུ་དང་ཕེ་རན་སི་ཡི་བོད་རང་བཙན་ལ་རྒྱབ་སྐྱོར་མི་གནང་རྒྱུའི་ཞལ་བཞེས་ཀྱང་གནང་དགོས་བྱུང་བ་རེད། ཕེ་རན་སིའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྦར་ནརཌི་ཨ་ཀོ་ཡར་རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཁང་གི་ཚོགས་གཙོ་ལྦུ་པང་ཀོ་ཡིས་གདན་ཞུ་གནང་བ་ལྟར་འདི་ཟླ་ཚེས་བཅུ་དགུ་ནས་ཉི་ཤུ་དྲུག་བར་རྒྱ་ནག་ནང་འཚམས་འདྲི་གཟིགས་སྐོར་དུ་བསྐྱོད་ཡོད་རེད༎