བོད་ཁམས་འཇོ་མདའ་ཁུལ་དུ་བོད་མིར་ཉེས་རྡུང༌།
2009.06.16
༄༅༎འདི་ལོ་ཕྱི་ཟླ་ལྔ་པའི་ཟླ་མཇུག་ཏུ་བོད་ཤར་ཕྱོགས་ཆབ་མདོའི་ཁོངས་འཇོ་མདའ་ནང་བོད་མི་ཚོས་ཞིང་ལས་མི་བྱེད་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོའི་ཐོག་རྒྱ་མིའི་དམག་མིས་མེ་མདའ་བརྒྱབ་སྟེ་ཚེ་རིང་ཟེར་བའི་མི་གཅིག་ལ་རྨས་སྐྱོན་ཚབས་ཆེ་ཕོག་ཡོད་འདུག་པ་དང་དེ་མིན་གྱི་མི་གསུམ་ལ་ཉེས་རྡུང་ཚབས་ཆེ་བཏང་ཡོད་པ་གཟའ་མིག་དམར་ཉིན་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་ལུང་འདྲེན་གནང་འདུག
ཉེན་རྟོག་པའི་བེར་རྒྱུག་གིས་རྡུང་སྟེ་རྨས་སྐྱོན་ཕོག་ཡུལ་དཔའ་དགའ་དང་ལྷ་རྡེར་གཉིས་བཙན་འཁྲིད་བྱས་ཡོད་འདུག་ལ་དེ་བཞིན་བསམ་དགའ་ཟེར་བའི་མི་ཞིག་ལ་མེ་མདའི་ལྕགས་ཧྲེང་གིས་ཉེས་རྡུང་བཏང་ཡོད་འདུག
ངོ་རྒོལ་བ་འཛིན་བཟུང་བྱས་པའི་ཁོངས་སུ་ཇོ་བུ་དགོན་གྱི་ལས་བྱེད་པ་སྦ་ར་སོགས་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་འདུག་ཀྱང་བསོད་ནམས་དཔལ་མོ་དང་བློ་བཟང་དཔལ་ལྡན།ཡེ་ཤེས་རྡོ་རྗེ་ཕུད་དེ་མིན་འཛིན་བཟུང་བྱས་པའི་མི་ཡོངས་རྫོགས་གློད་གྲོལ་བཏང་ཡོད་འདུག ཁོང་ཚོ་གསུམ་ནི་ཞིང་ལས་མི་བྱེད་པའི་ངོ་རྒོལ་ལས་འགུལ་དེའི་སྣེ་འཁྲིད་ཡིན་པར་ངོས་འཛིན་བྱས་སྟེ་བཀག་ཉར་འོག་བཞག་པ་ཞིག་ཡིན་འདུག
བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གི་གནས་ཚུལ་དེའི་ནང་བརྒྱུད་གནས་ཞེས་པའི་དགོན་པ་དེ་དམག་མིས་མཐའ་བསྐོར་སྟེ་དམ་བསྒྲགས་སྟངས་འཛིན་འོག་གནས་ཡོད་འདུག་པ་དང་དགོན་པ་དེའི་ནང་གཏན་འཇགས་མཚམས་སུ་ཞུགས་མཁན་དགེ་འདུན་པ་བརྒྱད་ལ་མཚན་མོ་ཞིག་རྒྱ་མིའི་ཉེན་རྟོག་པ་ཡོང་སྟེ་ཉེས་རྡུང་བཏང་ཡོད་འདུག་ལ་དེ་བཞིན་དཔལ་ཆེན་དགོན་གྱི་མཚམས་པ་དགེ་འདུན་པ་ཚོར་ཡང་ཉེས་རྡུང་བཏང་ཡོད་པ་བཀོད་འདུག།