ཨན་ཧུའེའི་ཁོར་ཡུག་སྲུང་སྐྱོབ་དཔོན་རིགས་གནས་དབྱུངས།
2011.01.09
༄༅༎རྒྱ་ནག་གི་ཤར་ཕྱོགས་ཨན་ཧུའེ་ཞིང་ཆེན་ནང་གི་གློག་རྫས་བཟོ་གྲ་དེའི་ཞ་ཉེའི་རྫས་འགྱུར་གྱིས་རྐྱེན་བྱས་ཏེ་ཕྲུ་གུ་༢༠༠ལྷག་ནད་མནར་དུ་གྱུར་བའི་རྗེས། ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོབ་ལས་ཁང་གི་དཔོན་རིགས་ལས་གནས་ནས་གནས་དབྱུངས་བཏང་ཡོད་པའི་སྐོར་དེ་རིང་ཨེ་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
རྒྱ་ནག་ནི་དངོས་ཟོག་ནང་ཞ་ཉེའི་དུག་རྫས་ཡོད་པའི་དངོས་ཟོག་གི་ཐོན་ཁུངས་ཆེ་ཤོས་དང་དུག་རྫས་ཡོད་པའི་དངོས་ཟོག་བེད་སྤྱོད་གཏོང་མཁན་མང་ཤོས་ཀྱི་རྒྱལ་ཁབ་ཡིན་ཞིང༌། བར་ལམ་ནས་དངོས་ཟོག་ནང་མིའི་བདེ་ཐང་ལ་གནོད་གཞིའི་ཞ་ཉེའི་དུག་རྫས་བསྲེས་ལྷད་བཏང་བའི་གྱོད་དོན་གསར་པ་ཡང་སེ་ཐོན་བཞིན་ཡོད་པ་རེད།
ད་རེས་གསར་དུ་ཐོན་པའི་གྱོད་དོན་གཅིག་ནི། ཨན་ཧུའེ་ཞིང་ཆེན་ནང་དུ་ཡོད་པའི་གློག་ཞུ་དང། མོ་ཊ་སོགས་འཕྲུལ་འཁོར་ནང་བེད་སྤྱོད་གཏོང་བའི་གློག་རྫས་བཟོ་སྐྲུན་བྱེད་མཁན་གྱི་བཟོ་གྲ་དེས་ཡིས་མི་དམངས་ལ་གནོད་འཚེ་བཟོས་པའི་གནས་ཚུལ་ཐོན་པའི་རྗེས། ས་གནས་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། ས་གནས་སྨན་ཁང་ནས་ཕྲུ་གུ་༣༠༧གྱི་ཁྲག་བརྟག་དཔྱད་བྱས་པའི་གྲུབ་འབྲས་ནང༌། ཕྲུ་གུ་༢༢༨ གྱི་ལུས་པོའི་ཟུངས་ཁྲག་ནང་ཞ་ཉེའི་དུག་རྫས་ཀྱི་རིམ་པ་ཧ་ཅང་གི་མཐོ་པོ་སླེབས་ཡོད་པ་དང། དེའི་ནང་གི་ཕྲུ་གུ་༢༣སྨན་ཁང་དུ་མུ་མཐུད་ནས་སྨན་བཅོས་བྱེད་མུས་ཡིན་པའི་གནས་ཚུལ་བཀོད་ཡོད་པ་མ་ཟད། ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོབ་ལས་ཁང་གི་འགོ་ཁྲིད་ཀྲའོ་ཡི་ཕིང་ལས་གནས་ནས་གནས་དབྱུངས་བཏང་བ་དང༌། གློག་རྫས་བཟོ་གྲ་དེའི་གློག་རྫས་བཟོ་སྐྲུན་གྱི་ལས་དོན་མཚམས་འཇོག་བྱེད་དུ་བཅུག་ཏེ། མུ་མཐུད་ཞིབ་འཇུག་བྱེད་བཞིན་ཡོད་པའི་སྐོར་བཀོད་ཡོད་པ་རེད། གློག་རྫས་ཀྱི་བཟོ་གྲ་དེ་ནི། མི་དམངས་སྡོད་གནས་ནས་ངེས་པར་དུ་རྒྱང་ཚད་མི་ཊར་༥༠༠ས་ལ་རྒྱབ་དགོས་ཀྱི་ཡོད་ཀྱང་མི་དམངས་ཀྱི་སྡོད་ཁྱིམ་གྱི་ཉེ་ཁྲིད་དུ་ཡོད་པའི་རྐྱེན་གྱིས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་དོན་གྱི་དགོས་མཁོའི་ཆ་རྐྱེན་མ་ཚང་བའི་རྐྱེན་གྱིས་ཕྱི་་ཟླ་བརྒྱད་པའི་ནང་སྒོ་རྒྱབ་དགོས་པའི་བཀོད་ཁྱབ་བཏང་ཡོད་ཀྱང་རྗེས་སུ་གཞུང་གི་ཆོག་མཆན་མེད་པར་ལས་ཀ་བསྐྱར་དུ་འགོ་བཙུགས་ཡོད་པ་རེད། མིའི་ཟུངས་ཁྲག་ནང་ཞ་ཉེའི་དུག་རྫས་ཀྱི་ཚད་གཞི་ཧ་ཅང་གི་མཐོ་པོ་ཆགས་ན། དེ་ཡིས་གཟུགས་པའི་རྩ་ལ་གནོད་འཚེ་གཏོང་བ་མ་ཟད། ཕྲུ་གུ་སྐྱེས་འཕེལ་གྱི་དབང་པོར་གནོད་སྐྱོན་བཟོ་བ་དང༌། ཁྲག་ཤེད་མཐོ་བའི་ན་ཚ་དང༌། ཟུངས་ཁྲག་སྐྱོ་བའི་ན་ཚ་སོགས་ཀྱི་རྐྱེན་བྱེད་ཀྱི་ཡོད་ཅིང༌། ད་དུང་ཚབས་ཆེ་བ་བྱུང་ན། ལུས་ཀྱི་རྩ་འཁུམ་པ་དང༌། དྲན་མེད་དུ་ལུས་པ། འཆི་སྐྱོན་སོགས་ཡོང་གི་ཡོད་པ་རེད།