རྒྱ་ནག་ནང་གངས་བབས་ནས་འགྲུལ་བཞུད་བ་མང་པོ་འགག་འདུག
2016.02.02
ལོ་གསར་སླེབས་ལ་ཉེ་བའི་སྐབས་རྒྱ་ནག་ནང་གངས་ཆེན་པོ་བབས་ནས་འགྲུལ་བཞུད་བ་མང་པོ་འགྲོ་བསྐྱོད་མ་ཐུབ་པར་ལྷག་འདུག
དེ་ཡང་རྒྱ་ནག་གི་ས་ཁུལ་ཁག་ཅིག་ནང་གངས་ཆེན་པོ་བབས་པའི་རྐྱེན་གྱིས་འགྲོ་ལམ་འགག་ཏེ། རྒྱ་མིའི་ལོ་གསར་སྐབས་རང་ཁྱིམ་དུ་ལོག་ཐབས་བྱེད་མཁན་མི་གྲངས་སྟོང་ཕྲག་མང་པོ་འགྲུལ་བསྐྱོད་མ་ཐུབ་པར་མེ་འཁོར་འབབ་ཚུགས་ཁག་ཏུ་ལྷག་བསྡད་ཡོད་འདུག
རྒྱ་མིའི་ལོ་གསར་དེ་འདི་ཚེས་༨ཉིན་འཁེལ་གྱི་ཡོད་པ་ལྟར། རྒྱ་མི་རིགས་ཀྱི་རིག་གཞུང་ནང་ལོ་གསར་སྐབས་ནང་མི་སྤུན་མཆེད་རྣམས་མཉམ་འཛོམས་ཀྱིས་སྲུང་བརྩི་བྱ་རྒྱུར་གལ་གནད་ཧ་ཅང་ཆེན་པོ་བརྩི་གི་ཡོད་སྟབས། ལོ་གསར་གྱི་སྔ་ནུབ་ཏུ་གྲོང་ཁྱེར་ཁག་ནང་ལས་ཀ་བྱེད་མཁན་རྣམས་རང་སོ་སོ་གང་ནས་ཡོང་སའི་རང་ཁྱིམ་ལ་བསྐྱོད་མཁན་ཆེས་མང་པོ་ཡོང་གི་ཡོད་པ་རེད། འོན་ཀྱང་འདི་ལོ་རྒྱ་ནག་གི་ས་ཁུལ་མང་པོའི་ནང་གངས་ཆེན་པོ་བབས་པ་མ་ཟད། གནམ་གཤིས་ཀྱང་ཧ་ཅང་གྲང་ངར་ཆེན་པོ་སྟོན་བཞིན་པའི་རྐྱེན་གྱིས་འགྲུལ་བསྐྱོད་བྱེད་སའི་རི་ལི་འགག་སྟེ། རྒྱ་ནག་ལྷོ་ཕྱོགས་ཀོང་ཏུང་ཞིང་ཆེན་གྱི་རྒྱལ་ས་ཀོང་ཀྲོའུ་ནང་ཡོད་པའི་རི་ལིའི་འབབ་ཚུགས་ཁག་ཏུ་དེ་རིང་ཚེས་གཉིས་ཀྱི་ཉིན་མོར་འགྲུལ་པ་ཆིག་འབུམ་ཙམ་འགྲུལ་བསྐྱོད་མ་ཐུབ་པར་ལུས་བསྡད་ཡོད་པར་བརྟེན། ས་གནས་གཞུང་གིས་རི་ལིའི་འབབ་ཚུགས་ཁག་ཏུ་རྙོག་ཟིང་རིགས་མི་ཡོང་བའི་ཉེན་འགོག་ཆེད་ཉེན་རྟོག་པ་དང༌། ཉེན་སྲུང་མི་སྣ་བཞི་སྟོང་ཙམ་འགྲེམ་གཏོང་བྱས་ཡོད་ལུགས་བཤད་འདུག
གནས་ཚུལ་ནང་མུ་མཐུད་གསལ་བར་བྱས་ན། ཟླ་བ་སྔོན་མའི་ནང་དུའང་རྒྱ་ནག་ནང་གནམ་གཤིས་ཧ་ཅང་གྲང་ངར་ཆེན་པོ་བསྟན་པའི་རྐྱེན་གྱིས། གྲོང་ཁྱེར་ཧྲང་ཧེ་ནས་རི་ལི་ཐོན་མ་ཐུབ་པར་འགྲུལ་པ་སྟོང་ཕྲག་མང་པོ་འགག་པའི་གནས་ཚུལ་བྱུང་ཡོད་པ་རེད།
གསར་འགོད་པ་ངག་ཆོས།