རྒྱ་ནག་དམག་དཔུང་གིས་ཐེ་ཝན་མཚོ་ཁུལ་མཐའ་བསྐོར་ཐབས་ཀྱི་དམག་དོན་སྦྱོང་བརྡར་བྱེད་བཞིན་ཡོད་འདུག
དེ་ཡང་ཐེ་ཝན་གྱི་སྲིད་འཛིན་ལྩམ་ Tsai Ing-Wen ཨ་རི་ནས་ཐེ་ཝན་དུ་ཕྱིར་ལོག་ཕེབས་ནས་དུས་ཡུན་ཚོུད་ཁ་ཤས་ཀྱི་རྗེས་རྒྱ་ནག་དམག་དཔུང་གིས་ཐེ་ཝན་མཚོ་ཁུལ་དུ་དུས་ཡུན་ཉིན་གྲངས་གསུམ་རིང་གི་དམག་དོན་སྦྱོང་བརྡར་བྱེད་འགོ་བཙུགས་ཡོད་པ་དང་། ད་རེས་ཀྱི་དམག་དོན་སྦྱོང་བརྡར་དེའི་ནང་རྒྱ་ནག་དམག་དཔུང་གིས་གཙོ་བོ་ཐེ་ཝན་མཚོ་ཁུལ་མཐའ་ནས་བསྐོར་ཐབས་ཀྱི་དམག་དོན་སྦྱོང་བརྡར་བྱེད་བཞིན་ཡོད་ཅིང་། ཐེ་ཝན་རྒྱལ་སྲུང་ལས་ཁང་གིས་བརྗོད་ན། རྒྱ་ནག་གི་མཁའ་ཐོག་དམག་གི་གནམ་གྲུ་༤༢ཙམ་དང་དམག་གི་གྲུ་གཟིངས་བརྒྱད་ཙམ་གྱིས་ཐེ་ཝན་མཚོ་ཁུལ་གྱི་དཀྱིལ་ཐིག་བརྒལ་ནས་འཛུལ་ཡོད་པའི་སྐོར་གསུངས་འདུག ཡང་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བ་ལྟར་ན་། ད་རེས་ཀྱི་དམག་དོན་སྦྱོང་བརྡར་དེ་བཞིན་ཐེ་ཝན་མཚོ་ཁུལ་བསྐོར་བ་དང་དུས་མཚུངས་ལྟ་ཞིབ་དང་མདུན་བསྐྱོད་བྱས་ནས་ཁྱོན་ཡོངས་ནས་ཐེ་ཝན་མཚོ་ཁུལ་གྱི་མཐའ་བསྐོར་ཏེ་ཕར་ཕྱོགས་ཀྱི་ཁ་གཏད་འགོག་ཐབས་ཀྱི་རྣམ་པ་ཞིག་མཚོན་ཐུབ་ཡོད་ལུགས་དང་། དེ་བཞིན་ད་རེས་ཀྱི་དམག་དོན་སྦྱོང་བརྡར་དེའི་ནང་ད་དུང་མགྱངས་རིང་ནས་མེ་མགྱོགས་རྒྱབ་པ་དང་། མཚོ་ཐོག་ནས་རྒྱལ་ཁབ་གཞན་གྱི་གྲུ་གཟིངས་ཕྱིར་འབུད་ཐུབ་པའི་དམག་གྲུ་བཏང་པ། མེ་ཤུགས་ཕུར་མདེལ་གྱི་ནུས་པ་ལྡན་པའི་དམག་གྲུ་དང་། མཁའ་ཐོག་དམག་གི་གནམ་གྲུས་ས་ཐོག་ཏུ་འབར་རྫས་དབྱུག་ཐུབ་མཁན་སོགས་ཀྱི་དམག་གི་ནུས་པ་ལྡན་པའི་གོ་མཚོན་མ་ལག་སྒྲིག་གཤོམ་བྱས་ཡོད་ལུགས་སོགས་བཀོད་ཡོད་འདུག
མ་གཞི་རྒྱ་ནག་དམག་དཔུང་གིས་རྒྱུན་དུ་ནས་ཐེ་ཝན་མཚོ་ཁུལ་དུ་དམག་དོན་སྦྱོང་བརྡར་རིགས་སྤེལ་ནས་ཐེ་ཝན་ལ་དྲག་པོའི་འཇིགས་སྐུལ་བྱས་དང་བྱེད་མུས་ཡིན་ཡང་ད་རེས་ཀྱི་ཐེ་ཝན་མཚོ་ཁུལ་གྱི་མཐའ་བསྐོར་ནས་དམག་དོན་སྦྱོར་བརྡར་བྱེད་པ་དེ་ནི་གཙོ་བོ་ཐེ་ཝན་གྱི་སྲིད་འཛིན་ལྩམ་ Tsai Ing-Wen དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ Kevin McCarthy མཆོག་ གཉིས་རེས་གཟའ་ལྷག་པའི་ཉིན་ཨ་རིའི་ཁེ་ལི་ཕོར་ནི་ཡའི་ཁུལ་དུ་མཇལ་འཕྲད་གནང་བར་ཡ་ལན་གྱི་རྣམ་འགྱུར་བསྟན་པ་ཞིག་ལ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཐེ་ཝན་གྱི་སྲིད་འཛིན་ལྩམ་ Tsai Ing-Wen གྱིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Kevin McCarthy མཆོག་དང་མཇལ་འཕྲད་གནང་སྐབས་ཐེ་ཝན་གཞུང་གིས་མུ་མཐུད་ནས་ཨ་རི་དང་དེ་མིན་གྱི་དམངས་གཙོའི་རྒྱལ་ཁབ་ཁག་དང་མཉམ་ལས་གནང་རྒྱུའི་འདུན་པ་བཏོན་པ་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་ནས་ཨ་རི་གཞུང་གིས་ཐེ་ཝན་ལ་མགོ་མཚོན་དེ་བས་མང་བ་མཁོ་འདོན་གནང་རྒྱུའི་འབད་རྩོན་གནང་གི་ཡོད་པ་དེ་ལྟར་ཡང་། འདི་ནི་དམག་འཁྲུག་གི་ཆེད་དུ་དམིགས་པ་མ་ཡིན་པར་ཐེ་ཝན་མཚོ་འགག་གི་ཞི་བདེ་སྲུང་སྐྱོབས་ཀྱི་ཆེད་དུ་ཡིན་པའི་སྐོར་གསུངས་ཡོད་འདུག
ད་རེས་ཨ་རི་དང་ཐེ་ཝན་གྱི་འགོ་ཁྲིད་དབར་མཇལ་ཕྲད་གནང་པའི་རྗེས། རྒྱ་ནག་གཞུང་མི་འདོད་པའི་ཁོང་ཁྲོ་ལངས་པའི་ཚུལ་གྱིས། དཔོན་རིགས་གཉིས་ཀྱིས་མཇལ་འཛོམས་གནང་ཡུལ་ཨ་རིའི་རེ་གྷན་དྲན་རྟེན་དཔེ་མཛོད་ཁང་དང་དེའི་འགོ་ལས་ཁག་ཅིག་ལ་རྒྱ་ནག་གཞུང་གིས་ཉེས་ཆད་བཀེལ་རྒྱུའི་གསལ་བསྒྲགས་བྱས་འདུག
གསར་འགོད་པ། འཆི་མེད་ལྷུན་གྲུབ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།