རྒྱ་ནག་གཞུང་གིས་འདི་ལོའི་མངའ་རིས་དར་ཆེན་སྒྲེངས་འཛུགས་ལ་དམ་དྲགས་ཤུགས་ཆེར་བྱས་ཡོད་འདུག
ལོ་ལྟར་བོད་ཟླ་ ༤ པའི་ས་ག་ཟླ་བའི་ཚེས་ ༡༥ ཉིན་དང་། འདི་ལོའི་ཕྱི་ཟླ་༥ཚེས་༢༣་ཉིན་ནི་མངའ་རིས་དར་ཆེན་སྒྲེངས་འཛུགས་ཀྱི་ཉིན་ལ་འཁེལ་ཡོད་པ་བཞིན།རྒྱ་ནག་གཞུང་གིས་འདི་ལོ་མངའ་རིས་དར་ཆེན་སྒྲེངས་འཛུགས་དང་འབྲེལ་མི་ཚོགས་འདུ་འཛོམས་ལ་ཚོད་འཛིན་དང་། དར་ཆེན་སྒྲེངས་འཛུགས་སྐབས་མི་མང་འདུ་འཛོམས་མཁའ་དབྱིངས་སུ་མི་མེད་བརྙན་མིག་འཕུར་སྐྱོད་མི་ཆོག་པའི་གསལ་བསྒྲགས་དང་། དར་ཆེན་སྒྲེངས་འཛུགས་ལ་འགྲོ་མཁན་ཚོར་ཞིབ་བཤེར་དང་སྤྱི་ཚོགས་བདེ་འཇགས་དང་ཟིང་འཁྲུག་མི་ལངས་པའི་ཁས་ལེན་བྱེད་བཅུག་ཡོད་པ།བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས།འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་བརྗོད་དོན་ལ།ང་ཚོ་ཆེད་དུ་ལྷ་ས་ནས་དར་ཆེན་སྒྲེངས་འཛུགས་མཛད་སྒོར་བཅར་བ་ཡིན་ལ། ལམ་བར་དུ་ཞིབ་བཤེར་ཤུགས་ཆེར་བྱེད་བཞིན་པ་མ་ཟད། བདེ་འཇགས་དང་སྤྱི་ཚོགས་ཟིང་འཁྲུག་མི་ཡོང་བའི་ཁས་ལེན་བྱེད་དགོས་པ་དང་། དར་ཆེན་སྒྲེངས་འཛུགས་སྐབས་ས་གནས་ཡུལ་མི་དང་ཡུལ་སྐོར་བ་སོགས་མི་མང་པོ་འདུ་འཛོམས་བྱས་ཡོད་ན་ཡང་། ཉེན་རྟོག་པ་མང་པོ་མི་མང་ཁྲོད་འཚང་ནས་འདུ་འཛོམས་ལ་ཚོད་འཛིན་དང་། སྤྱི་ཚོགས་དྲ་ལམ་ཁག་ཏུ་མི་མང་འདུ་འཛོམས་དང་ཀི་བསོ་ལྷ་རྒྱལ་གཏོང་བཞིན་པའི་བརྙན་དང་པར་སོགས་རྒྱུད་སྤེལ་མི་ཆོག་པ་བརྗོད་བཞིན་འདུག་ལ། སྤྱིར་དེང་སྐབས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཆོས་ལུགས་ཀྱི་བྱེད་སྒོ་རྒྱ་ཆེན་པོ་དང་མི་མང་འདུ་འཛོམས་རིགས་བཀག་འགོག་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
མངའ་རིས་དར་ཆེན་ནི་ལོ་རེའི་བོད་ཟླ་བཞི་པ་སྟེ་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་སྐུ་དར་གསར་བཞེངས་བྱེད་པ་དང་།ལོ་རེའི་གངས་རིན་པོ་ཆེའི་གངས་སྐོར་བྱེད་པའི་དུས་ཚོད་ཡང་དེ་དང་མཉམ་དུ་མགོ་ཚུགས་སྲོལ་ཡོད་འདུག་ལ། རྒྱ་ནག་གཞུང་འབྲེལ་ངོས་ནས་དར་ཆེན་སྒྲེངས་འཛུགས་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་།མཁའ་དབྱིངས་བདེ་འཇགས་སྲུང་སྐྱོབ་དང་། དར་ཆེན་སྒྲེངས་འཛུགས་ཀྱི་ལས་འགུལ་དེ་བདེ་འཇགས་ཡོང་ཆེད་མཁའ་དབྱིངས་སུ་མི་མེད་བརྙན་མིག་གི་རིགས་གང་ཡང་འཕུར་སྐྱོད་མི་ཆོག་པ་དང་།གལ་ཏེ་དེ་འདྲའི་གནས་ཚུལ་བྱུང་ཚེ་ཚོགས་པ་དང་མི་སྒེར་སུ་ཡིན་ཡང་རྒྱ་ནག་གཞུང་གི་རྩ་ཁྲིམས་དོན་ཚན་༣༥་པ་གཞིན་བཟུང་ནས་ཉེས་ཆད་ལྕི་མོ་གཅོད་རྒྱུ་ཡིན་པ་སོགས་བརྗོད་འདུག
མངའ་རིས་དར་ཆེན་དང་གངས་རིན་པོ་ཆེའི་དར་ཆེན་ཡང་འབོད་པ་དང་།བཤད་རྒྱུན་ལ་དར་ཆེན་སྒྲེང་འཛུགས་དེ་ས་ག་ཟླ་བའི་དུས་ཆེན་སུམ་འཛོམས་ཀྱི་མཆོད་སྟོན་ཆེད་དང་། མ་ཟད་སྟོན་པ་སྐུ་བཞུགས་སྐབས་དགྲ་བཅོམ་ལྔ་བརྒྱ་ཏི་སེར་ཕེབས་པའི་དུས་ཡིན་པར་གྲགས་པས།ཉིན་དེར་ཆོས་སྐུ་དགོན་དང་རྒྱང་གྲགས་དགོན་པ་གཉིས་ཀྱིས་ཆོས་ལུགས་ཀྱི་ཆོ་ག་གཙོ་བོ་བསྒྲུབས་རྗེས།ཞོགས་པ་གངས་རིན་པོ་ཆེའི་དབུ་རྩེ་ལ་ཉི་ཟེར་ཕོག་པ་དང་མཉམ་དུ་དགེ་འདུན་པས་དར་ཆེན་སྤྱན་འདྲེན་དང་མཆོད་བསྟོད་རབ་གནས་མཛད་སྒོ་སྤེལ་བ་དང་། ཉིན་དེར་ལྷ་ས་སོགས་ས་གནས་གང་ས་ནས་གནས་སྐོར་བས་དར་ལྕོག་གསར་པ་འཛུགས་པ་དང་།བརྗེས་ཟིན་པའི་དར་ལྕོག་རྙིང་པ་བྱིན་རླབས་ཀྱི་རྟེན་དུ་རང་ཁྱིམ་དུ་འཁྱེར་བ་སོགས་ཀྱི་ལུགས་སྲོལ་ཡོད་འདུག
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། བསྟན་འཛིན་དོན་ཡོན།