རྒྱ་ནག་དཔལ་འབྱོར་སླར་གསོའི་ཆེད་རྒྱ་ནག་ནང་ཁུལ་དུ་ཡུལ་སྐོར་འགྲོ་སྐྱོད་ཐད་གུ་ཡངས་གཏོང་བཞིན་པ་དེས་བོད་མི་ཚོ་ལྷ་སར་ཡོང་བར་སྟབས་བདེ་བྱུང་གི་ཡོད་འདུག

2024.02.08
རྒྱ་ནག་དཔལ་འབྱོར་སླར་གསོའི་ཆེད་རྒྱ་ནག་ནང་ཁུལ་དུ་ཡུལ་སྐོར་འགྲོ་སྐྱོད་ཐད་གུ་ཡངས་གཏོང་བཞིན་པ་དེས་བོད་མི་ཚོ་ལྷ་སར་ཡོང་བར་སྟབས་བདེ་བྱུང་གི་ཡོད་འདུག ཕོ་བྲང་པོ་ཏ་ལའི་པར་རིས། ༢༠༢༣།༠༧།༠༨ ཉིན།
Reuters

ད་ལྟའི་ཆར་རྒྱ་ནག་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཉམས་ཆགས་ཤུགས་ཆེར་འགྲོ་བཞིན་པ་དང་བསྟུན། རྒྱ་ནག་གཞུང་གིས་རྒྱལ་ནང་གི་དཔལ་འབྱོར་སླར་གསོའི་ཆེད་དུ་ལོ་སར་སོགས་དང་བསྟུན་ཡུལ་སྐོར་བ་འགྲོ་སྐྱོད་ཐད་ནུས་ཤུགས་འདོན་བཞིན་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་ངོས་ནས་ཡུལ་སྐོར་འགྲོ་སྐྱོད་ཀྱིས་དཔལ་འབྱོར་སླར་གསོར་དམིགས་པ་དེས། ཕྱི་ལོ་ ༢༠༢༤ ལོའི་བོད་ཀྱི་ལོ་སར་དང་བསྟུན་བོད་ཀྱི་མདོ་སྟོད་སྨད་གཉིས་ནས་ལྷ་སར་འགྲོ་མཁན་ཚོར། དེ་སྔ་ས་གནས་དང་རྫོང་རིམ་པའི་ཡིག་ཆ་དང་ཆོག་མཆན་ཞུ་རྒྱུ་མང་དག་ཅིག་ཡོད་པར་གུ་ཡངས་གཏོང་གི་ཡོད་པ་དང་། གནད་དོན་དེས་འདི་ལོ་མདོ་སྟོད་སྨད་གཉིས་ནས་ལོ་སར་དང་བསྟུན་ལྷ་སར་ཡོང་མཁན་ཕོན་ཆེན་བྱུང་སྟེ། ཕྱི་ལོ་ ༢༠༠༨ རྗེས་ནས་ལྷ་སར་མདོ་སྟོད་སྨད་ཀྱི་མི་མང་འདུ་འཛོམས་བྱུང་ཤུགས་ཆེ་ཤོས་ཆགས་ཀྱི་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་ཁག་ཅིག་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་གཅིག་ནས་མུ་མཐུད་བརྗོད་དོན་ལ། འདི་ལོའི་ལོ་སར་འཆར་ལ་ཉེ་བ་དང་བསྟུན་ལྷ་སར་ཡུལ་སྐོར་བ་མི་རིགས་འདྲ་མིན་ཧ་ཅང་ཕོན་ཆེན་ཡོང་གི་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་མདོ་སྟོད་སྨད་གཉིས་ནས་འགྲོ་སྐྱོད་ཐད་གུ་ཡངས་ཅུང་ཙམ་བཏང་བ་དེས་ལྷ་སར་ཡོང་མཁན་མང་པོ་བྱུང་གི་ཡོད་སྐོར་བརྗོད་བྱུང་ལ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ལྷ་སར་རྟེན་གཞི་བྱས་པའི་ཡུལ་སྐོར་ཚོང་ལས་ཁང་ཞིག་ལ་འབྲེལ་བ་བྱས་སྐབས། ལྷ་སར་ཡུལ་སྐོར་བ་མང་པོ་ཡོང་བཞིན་པ་དེས་ས་གནས་ཀྱི་ཚོང་ལས་གཉེར་མཁན་ཚོར་ཁེ་ཕན་ཡོང་གི་ཡོད་པ་དང་། མདོ་སྟོད་སྨད་གཉིས་ནས་ལྷ་སར་ཡོང་མཁན་བོད་རིགས་ཚོར་རང་གི་ས་གནས་ནས་ཆོག་མཆན་ཞུ་དགོས་པ་ལས་ལྷ་སར་འབྱོར་རྗེས། འབྱོར་ཡོད་པའི་ཐོ་འགོད་གཅིག་ལས་དམ་དྲགས་དམིགས་བསལ་བ་མེད་ན་ཡང་། ཕྱིའི་རྒྱལ་ཁབ་ནས་ལྷ་སར་ཡོང་བར་ཡིག་ཆ་དང་སྒྲིག་སྲོལ་མང་དག་དགོས་པ་འགྲེལ་བརྗོད་གནང་བྱུང་།

ཕྱི་ལོ་ ༢༠༢༣ ལོའི་ལོ་མཇུག་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་ཁག་སྒོ་འབྱེད་སླར་གསོ་དང་། བོད་དེ་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་ནས་ཕར་འགྲོ་ཚུར་འོང་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་ན་ཡང་། བོད་ནང་གི་འབྲེལ་ཡོད་བོད་མི་གཅིག་ནས་རྒྱ་ནག་ནང་ཁུལ་དུ་འགྲོ་སྐྱོད་ཐད་གུ་ཡངས་གཏོང་གི་ཡོད་པ་ལས། ཕྱི་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་འགྲོ་སྐྱོད་ཐད་སྔར་བཞིན་དམ་དྲགས་དང་དངུལ་དངོས་ཀྱི་གཏའ་མ་ཤུགས་ཆེར་འཇོག་དགོས་པ་དང་། ཕྱི་ཟླ་ ༡ ནང་རོགས་པ་ཁག་ཅིག་དང་མཉམ་དུ་ཡུལ་སྐོར་ཚོང་ལས་ཁང་ཞིག་བརྒྱུད་ནས་བལ་ཡུལ་དུ་སོང་བ་ཡིན་མོད། བལ་ཡུལ་དུ་འགྲོ་བར་ལྷ་སར་གཏན་སྡོད་ཀྱི་མི་ཞིག་དང་བལ་ཡུལ་སྒོར་མོ་ཁྲི་ ༡༠ གཏའ་མར་བཞག་ན། ཚོགས་ཆུང་བྱས་ཏེ་ཁྲིད་བཞིན་ཡོད་ཀྱང་བལ་ཡུལ་དུ་འབྱོར་རྗེས་ཚོང་གཉེར་ཁང་གི་གར་ཁྲིད་ལས། སྒེར་ངོས་ནས་གང་བྱུང་འགྲོ་སྐྱོད་མི་ཆོག་པར་བཙོན་མ་ནང་བཞིན་ཡིན་པ་དང་། དེ་བཞིན་ཉི་ཧོང་དུ་འགྲོ་བར་བོད་པ་ཚོར་དམིགས་བསལ་ཆ་རྐྱེན་དང་གཏའ་མ་དགོས་པ་དང་། ཨ་རི་དང་ཕྱིའི་རྒྱལ་ཁབ་ཁག་ལ་ཧ་ལམ་མི་སྲིད་པ་ལྟ་བུ་ཡིན་པ་དང་། རྒྱ་ནག་ནང་ཁུལ་དུ་འགྲོ་སྐྱོད་ཐད་གུ་ཡངས་ཆེ་རུ་ཕྱིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག

སྤྱིར་རྒྱ་ནག་གཞུང་ངོས་ནས་ནམ་རྒྱུན་བོད་ནང་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་ཡོད་པ་དང་། སྔར་ལོའི་ཕྱི་ཟླ་ ༡༢ ནང་ཕོ་བྲང་པོ་ཏ་ལ་ཕྱི་ཕྱོགས་འགྲོ་འོང་གི་བརྡ་ཁྱབ་ཟེར་བ་ཞིག་བཏང་སྟེ། ཡུལ་སྐོར་བ་ལྷ་སར་ཡོང་རྒྱུའི་དྲིལ་བསྒྲགས་རིགས་བྱས་ཡོད་ན་ཡང་། བོད་ནང་གི་འབྲེལ་ཡོད་གཅིག་ནས་ཕྱི་ཕྱོགས་སུ་འགྲོ་སྐྱོད་ཟེར་བ་དེ་རྣམ་པ་ཙམ་ལས་ཆ་རྐྱེན་མང་པོ་དགོས་ཀྱི་ཡོད་སྐོར་བརྗོད་བྱུང་ལ། ཡང་བལ་ཡུལ་དུ་རྟེན་གཞི་བྱས་པའི་ཡུལ་སྐོར་ཚོང་ལས་ཁང་ཞིག་ནས། ལྷ་ས་ནས་བལ་ཡུལ་ནང་མང་པོ་ཡོང་གི་ཡོད་སྐོར་གོ་ཐོས་ལས། བོད་མི་མང་པོ་བལ་ཡུལ་ནང་འཆམ་ཉུལ་བྱེད་བཞིན་པ་མངོན་གསལ་དོད་པོས་མཐོང་ཡུལ་དུ་མེད་པ་དང་། རྒྱ་ནག་ནས་ཡོང་མཁན་ཚོས་འཛིན་བྱང་རིགས་རྒྱ་ནག་ནང་ཁུལ་གྱི་ཡུལ་སྐོར་ཚོང་ལས་ཁག་ནས་ཉོས་ཏེ་ང་ཚོའི་ས་ནས་ཉོ་མཁན་བྱུང་གི་མེད་པས། ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་སྐོར་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་ནང་ལོ་ལྟར་རྒྱ་ནག་གི་དཔྱིད་གསར་དུས་ཆེན་དང་བསྟུན་མི་གྲངས་ཁྲི་མང་པོ་འགྲུལ་སྐྱོད་བྱེད་བཞིན་ཡོད་པ་དང་། རྒྱ་ནག་ཞིན་ཧ་གསར་ཁང་གིས་འདི་ལོ་ལོ་སར་ཁག་དང་བསྟུན་ཡུལ་སྐོར་ཚོང་གཉེར་ཁང་ཁག་གིས་ཡུལ་སྐོར་བའི་འགྲོ་སྐྱོད་ཐད་སྟབས་བདེ་སྐྲུན་བཞིན་ཡོད་པས། ཚོང་ལས་ཡག་རུ་འགྲོ་བཞིན་པ་སོགས་བཀོད་འདུག་ལ། སྤྱིར་རྒྱ་ནག་ནང་ཕྱི་ལོ་ ༢༠༢༣ ལོ་ནས་བཟུང་དཔལ་འབྱོར་ཉམས་མགོ་ཚུགས་པ་དེས་མི་མང་དཀྱུས་མའི་འཚོ་བར་ཤུགས་རྐྱེན་ཐེབས་བཞིན་ཡོད་སྟབས། རྒྱ་ནག་གཞུང་ངོས་ནས་རྒྱ་ནག་ནང་ཁུལ་དུ་ཡུལ་སྐོར་བ་འགྲོ་སྐྱོད་ཐད་ནུས་ཤུགས་འདོན་བཞིན་ཡོད་པ་རེད། 

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།     
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎