རྒྱ་ནག་གཞུང་གིས་རྒྱ་གར་དང་བལ་ཡུལ་གྱི་བོད་མི་ཚོ་བོད་ནང་ཕྱིར་ལོག་ཆེད་གཡོ་འགུག་གི་སྲིད་བྱུས་སྤེལ་བཞིན་པ།

རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་མང་པོའི་ནང་རྒྱ་གར་དང་བལ་ཡུལ་གཙོའི་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་ཚོའི་མིང་ཐོ་དང་སྡོད་གནས་སོགས་བསྡུ་ལེན་ལས་གཞི་ཞིག་སྤེལ་བཞིན་ཡོད་པ་དང་། འདི་ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་སྟོད་དིང་རི་དང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་དང་ཉག་ཆུ་རྫོང་། མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་ཁག་ཅིག་ནང་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་ཚོར་ཁྱིམ་ཐོ་དང་ཐོབ་སྐལ་སྤྲོད་རྒྱུ་ཡིན་སྐོར་དང་། ཕྱི་ན་ཡོད་པའི་བོད་མི་དེ་དག་ཕྱིར་བོད་ནང་དུ་ལེན་ཐབས་བྱ་རྒྱུ་ཡིན་པ་སོགས་བརྗོད་ནས། ཕྱི་ཕྱོགས་ཀྱི་བོད་མི་ཚོའི་མིང་དང་སྡོད་གནས་ལས་ཀ་སོགས་ཞིབ་ཕྲའི་གནས་ཚུལ་བསྡུ་ལེན་བྱས་རྗེས། ཁྱིམ་ཐོ་དང་ཐོབ་བསྐལ་སོགས་གང་ཡང་སྤྲོད་ཀྱི་མེད་པ་མ་ཟད། བོད་ནང་གི་ནང་མི་ཚོར་དམ་དྲག་དང་ཞིབ་བཤེར་རིགས་བྱེད་བཞིན་ཡོད་པ་འབྲེལ་ཡོད་བོད་ནང་གི་བོད་མི་ཞིག་གིས་འགྲེལ་བརྗོད་གནང་བྱུང་།
གནས་ཚུལ་མཁོ་སྤྲོད་པས་རྒྱ་ནག་གཞུང་གིས་བོད་ནང་གི་སྟོད་དིང་རི་རྫོང་གི་མཐའ་མཚམས་གྲོང་ཚོ་ཁག་ཏུ། ནང་མི་ཕྱི་རྒྱལ་དུ་ཡོད་མཁན་ཚོར་རྗེས་སོར་བོད་ནང་དུ་ཁྱིམ་ཐོ་དང་ས་ཐོའི་ཐོབ་བསྐལ་དགོས་ཚེ་ཐོ་འགོད་བྱ་དགོས་པ་དང་། གལ་ཏེ་ཐོ་འགོད་མ་བྱས་ན་རྗེས་ཕྱོགས་ནས་མི་དེར་ཁྱིམ་ཐོ་དང་ས་ཐོ་སོགས་ཀྱི་ཐོབ་ཐང་གང་ཡང་མེད་སྐོར་བརྗོད་སྟབས། ཁྱིམ་ཚང་འགའ་ཤས་ཀྱིས་རང་གི་ནང་མི་དེའི་མིང་དང་ཕྱི་ཕྱོགས་ཀྱི་རྒྱལ་ཁབ་གང་དུ་ཡོད་མེད་སོགས་ཐོ་འགོད་བྱས་རྗེས། ཉིན་གྲངས་༡༥ནང་བསྐྱར་དུ་ཐོ་འགོད་བྱེད་མཁན་ནང་མི་ཚོ་འབོད་འགུག་གིས། ཐོ་འགོད་བྱས་རྗེས་ནང་མི་དེ་དག་གི་ཁ་པར་བཙན་འཕྲོག་དང་ཞིབ་བཤེར། དེ་སྔ་ཐོབ་ཐང་ཡོད་སྐོར་བརྗོད་པ་ལས་ལྡོག་སྟེ་ཕྱི་ཕྱོགས་སུ་ནང་མི་ཡོད་མཁན་ཚོར་ཁྱིམ་ཐོ་སོགས་ཀྱི་ཐོབ་ཐང་གང་ཡང་མེད་ཁར། ཁ་པར་ཡུན་རིང་བཙན་ཉར་དང་ཕྱི་ཕྱོགས་སུ་འབྲེལ་བ་བྱས་ཡོད་པ་ཚོར་འདྲི་བརྩད་དང་བཀག་སྐྱིལ་སོགས་བྱེད་བཞིན་ཡོད་སྐོར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་བོད་ནང་གི་བོད་མི་གཞན་ཞིག་གིས། ལི་ཐང་དང་ཉག་ཆུ་སོགས་སུ་ད་ལྟའི་ཆར་ལས་གཞི་དེ་སྤེལ་བཞིན་པ་ཡིན་པ་མ་ཟད། ཕྱི་ཕྱོགས་སུ་ནང་མི་ཡོད་པའི་ཁྱིམ་ཚང་ཚོར་ངེས་པར་ཐོ་འགོད་བྱེད་དུ་ཡོང་དགོས་པ་དང་། ཐོ་འགོད་སྐབས་ཕྱི་ལ་ཡོད་པའི་མི་སྣ་དེའི་མིང་དང་པར། རྒྱ་གར་ལ་ག་དུས་སོང་བ་དང་ལོ་ག་ཚོད་བསྡད་ཡོད་དང་། ད་ལྟ་ལས་གནས་ག་རེ་གཉེར་བཞིན་ཡོད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་དགོས་པ་དང་། ཐེངས་འདིར་ས་གནས་རང་ནས་ཐོ་འགོད་མ་བྱས་ཚེ་རྗེས་སུ་རྫོང་ཐོག་ལ་སོང་ནས་ཐོ་འགོད་དགོས་སྐོར་སོགས་ཀྱི་བཀོད་ཁྱབ་བཏང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
ཡང་བཙན་བྱོལ་དུ་ཡོད་པའི་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་བོད་མི་ཞིག་གིས། རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ཀྱི་བོད་མི་ཚོའི་མིང་ཐོ་བསྡུ་ལེན་བྱེད་བཞིན་པའི་སྐོར་ལ། བོད་ནང་དངོས་སུ་འབྲེལ་བ་བྱས་ཏེ་ཤེས་རྟོག་བྱུང་བ་ལྟར་། དཀར་མཛེས་དང་ལི་ཐང་སོགས་ནས་ལས་གཞི་དེ་ཕྱི་ཕྱོགས་ཀྱི་བོད་མི་ཚོ་བོད་ནང་ལེན་རྒྱུའི་ཆེད་ཡིན་སྐོར་དང་། ས་གནས་དེ་དག་ནང་ལས་གཞི་དེ་སྤེལ་དོན་རྔ་བ་ཁུལ་དང་དཀར་མཛེས་ཁུལ་གཉིས་ནས་གོང་རིམ་ལ་ཆོག་མཆན་རིམ་པར་ཞུས་ཏེ་སྤེལ་བ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་སྐོར་བརྗོད་བྱུང་།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོག་བྱུང་བར་གཞིགས་ན།འདི་ལོའི་ཏོག་དབྱིབས་རིམས་ནད་ཀྱི་སྐབས་སུ་རྒྱ་ནག་གཞུང་གིས་བལ་ཡུལ་ནང་གི་རྒྱ་ནག་གཞུང་ཚབ་བརྒྱུད་བལ་ཡུལ་ནང་ཡོད་པའི་བོད་མི་ཁག་ཅིག་ལ་ཏོག་དབྱིབས་རིམས་ནད་དང་བསྟུན། དཀའ་ངལ་ཡོད་མེད་དང་ཕྱིར་ལོག་འདོད་ཡོད་མེད་ཀྱི་གནས་ཚུལ་སྐོར་འདྲི་བརྩད་བྱས་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད་པ་མ་ཟད། དཀའ་ངལ་འཕྲད་པ་ཡིན་ན་ཕྱིར་མེས་རྒྱལ་དུ་ལོག་ཆོག་པ་སོགས་བརྗོད་ཡོད་ཀྱང་། ད་བར་བལ་ཡུལ་ནང་དངོས་སུ་ཤེས་རྟོགས་བྱུང་བ་བོད་ནང་བླངས་ཡོད་པའི་རིགས་མེད་པ་རེད་འདུག དེའི་ཐད་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱི་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ཀྱི་བོད་མི་ཚོའི་གནས་ཚུལ་བསྡུ་ལེན་བྱེད་བཞིན་པ་དེར། བོད་ནང་གི་དངོས་ཡོད་གནས་ཚུལ་མང་པོ་ཞིག་ཕྱི་ལ་ཤོར་གྱིན་ཡོད་སྟབས། གནད་དོན་དེ་བཀག་འགོག་དང་དམ་དྲག་ཆེ་རུ་གཏོང་ཐབས་ཤིག་ཡིན་པ་དང་། གནས་ཚུལ་དེ་ང་རང་ལ་བྱུང་སོང་ལ་སྐབས་དེར་རྒྱ་ནག་གཞུང་གིས་མི་འབོར་ཞིབ་བཤེར་གྱི་མིང་ཐོག་ནས་གནས་ཚུལ་བསྡུ་རུབ་བྱས་པ་ཞིག་ཡིན་སྐོར་བརྗོད་བྱུང་།
རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་ཚོའི་གནས་ཚུལ་བསྡུ་ལེན་དེ་དིང་རི་ཕྱོགས་སུ་འདི་ལོའི་ཕྱི་ཟླ་༤ཙམ་ནས་འགོ་ཚུགས་ཡོད་པ་དང་།ལི་ཐང་དང་ཉག་ཆུ་ཁུལ་དུ་ཕྱི་ཟླ་༧པའི་མགོ་སྟོད་ཙམ་ནས་སྤེལ་ཡོད་འདུག་ལ།གཞན་ཡང་ལས་གཞི་དེ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་དང།སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་སོགས་སུ་ལོ་ཤས་ནས་བཟུང་འགོ་བཙུགས་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།