རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན་ཟུར་བར་ཞིབ་འཇུག
2014.08.12
རྒྱ་ནག་གིས་དེ་སྔོན་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་ཟུར་བ་ལྐོག་ཟ་དང་འབྲེལ་བའི་ཞིབ་འཇུག་བྱེད་བཞིན་ཡོད་འདུག
དེ་ཡང་ཧོང་ཀོང་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་དྲིལ་བསྒྲགས་ལྟེ་གནས་ཁང་ཟེར་བས་ཚེས༡༢ཉིན་སྙན་ཐོ་ཞིག་བཏོན་ཡོད་པ་དེའི་ནང་། ལོ་ན་༧༢ ཡིན་པའི་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་ཟུར་པ་ཀོའོི་པའོ་ཤུང་གིས་ལྐོག་རྔན་བླངས་ཏེ་གཞན་གྱི་གོ་གནས་སྤར་བའི་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ཡོད་པར་དོགས་པ་བྱེད་བཞིན་ཡོད་པ་རེད་ཅེས་དང་། ཡང་སྙན་ཐོ་དེའི་ནང་། རྒྱ་ནག་དམག་དོན་སྒྲིག་འཛུགས་ཀྱིས་འགོ་ཁྲིད་གཉིས་བརྩེགས་ཀྱི་ལམ་ལུགས་ཞིག་བཟོས་ཡོད་པ་དེའི་ནང་དམག་མིའི་གོ་གནས་གནས་སྤར་བྱ་རྒྱུར་ངེས་པར་དུ་རྒྱ་ནག་དབུས་གཞུང་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པའི་བཀའ་ཁྲོལ་དགོས་ཀྱི་ཡོད་པ་བརྗོད་འདུག
འདིའི་གོང་ཕྱི་ཟླ་དྲུག་པའི་ནང་། ཀོའོ་ཡི་ལས་རོགས་དང་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་བྱེད་མྱོང་མཁན་ཞུད་ཙའེ་ཧའོ་ཡི་ལྐོག་ཟའི་ནག་ཉེས་འོག་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ནས་ཕྱིར་འབུད་བྱས་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད། ཞུད་ནི་རྒྱ་ནག་གི་སྲིད་འཛིན་ཤི་ཇིན་པིང་གིས་ལྐོག་ཟའི་བྱ་སྤྱོད་ལ་གདོང་ལེན་བྱེད་བཞིན་པའི་བརྒྱུད་རིམ་ནང་དེ་སྔའི་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་ཚོགས་མི་ཉི་ཤུ་རྩ་ལྔའི་ཁོངས་ཀྱི་མི་ཞིག་ལ་ཉེས་པ་ཕོག་མཁན་དང་པོ་དེ་ཆགས་ཡོད་པ་རེད།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་ལྡན་བློ་གྲོས།