དམ་ཆོས་ཚུལ་ཁྲིམས་མི་ལོ་གཉིས་ལྷག་གི་རྗེས་བཙོན་བཀྲོལ་བྱུང་འདུག


2014.08.20
དམ་ཆོས་ཚུལ་ཁྲིམས་བཙོན་བཀྲོལ་བྱུང་ནས་ཕ་ཡུལ་ལ་འབྱོར་སྐབས། ༢༠༡༤།༨།༡༩ དམ་ཆོས་ཚུལ་ཁྲིམས་བཙོན་བཀྲོལ་བྱུང་ནས་ཕ་ཡུལ་ལ་འབྱོར་སྐབས། ༢༠༡༤།༨།༡༩
བོད་འབྱོར།

དམ་ཆོས་ཚུལ་ཁྲིམས་བཙོན་བཀྲོལ་བྱུང་བར་བོད་མི་ཚོས་ཕེབས་བསུ་ཞུ་མི་ཆོག་པའི་བཀའ་རྒྱ་བཏང་ནས་ཐད་ཀར་ཕ་ཡུལ་དུ་བསྐྱལ་འདུག
དེ་ཡང་ཚེས་༡༩ཉིན་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། དེ་སྔོན་སྤྱི་ལོ་༢༠༡༢་ལོའི་སྤྱི་ཟླ་གཉིས་པར་མཚོ་སྔོན་གྱི་ཐེམ་ཆེན་རྫོང་བོང་སྟག་དགོན་པའི་དགེ་བསྐོས་ཟུར་བ་དང་། དཔེ་ཁྲིད་དགེ་རྒན་དམ་ཆོས་བཟང་པོ་ལགས་ཀྱིས་བོད་མི་རིགས་ཀྱི་རང་དབང་ཆེད་རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་སུ་གྱུར་རྗེས་དོན་རྐྱེན་དེ་དང་འབྲེལ་བ་ཡོད་ཚུལ་ཁག་འཁྲིའི་འོག་རྒྱ་ནག་གཞུང་ནས་དགོན་པ་དེའི་དགེ་འདུན་པ་དགུ་དང་མི་སྐྱ་གཅིག་བཅས་ལ་ ལོ་གཅིག་ནས་བཅུ་བར་གྱི་དུས་ཡུན་འདྲ་མིན་གྱི་བཙོན་འཇུག་ཁྲིམས་ཆད་བཅད་ཡོད་པའི་གྲས་ཕ་ཡུལ་ཐེམ་ཆེན་རྫོང་མཁར་དམར་ཡུལ་ཚོ་ནས་ཡིན་པའི་དགེ་འདུན་པ་དམ་ཆོས་ཚུལ་ཁྲིམས་ལགས་ཟླ་བ་འདིའི་ཚེས་༡༩ཉིན་ལོ་གཉིས་དང་ཕྱེད་ཀའི་བཙོན་དུས་གཙང་རྗེས་གློད་གྲོལ་ཐོབ་ཡོད་པ་དང་། ཐེམ་ཆེན་རྫོང་སྲིད་ཁྲིམས་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣས་ལམ་བར་དུ་ཁོང་ལ་བོད་མི་ཚོས་ཕེབས་བསུ་ཞུ་མི་ཆོག་པའི་བཀའ་རྒྱ་བཏང་སྟེ་ཁོང་བཙོན་འཇུག་བྱེད་སའི་ཟི་ལིང་བཙོན་ཁང་ནས་ཐད་ཀར་མཁར་དམར་ཡུལ་ཚོའི་རང་ཁྱིམ་དུ་བསྐྱལ་ཡོད་འདུག ཡིན་ནའང་དམ་ཆོས་ཚུལ་ཁྲིམས་ལགས་རང་ཁྱིམ་དུ་འབྱོར་མ་ཐག་ཁོང་གི་ཆོས་གྲོགས་དང་ཁྱིམ་མཚེས་གཉེན་ཉེ་འཁོར་སོགས་བོད་མི་མང་པོ་ཞིག་ནས་ཆེད་དུ་ཁོང་གི་ཁྱིམ་ཁང་དུ་བསྐྱོད་དེ་མཇལ་དར་འདེགས་པ་དང་སྡེར་ཁ་བསྒྲིགས་ནས་ཕེབས་བསུའི་འདུ་འཛོམས་བྱས་ཡོད་པ་རེད། ཡང་གནས་ཚུལ་ཡོང་ཁུངས་ནས་བརྗོད་ན། དམ་ཆོས་ཚུལ་ཁྲིམས་ལགས་ཀྱི་གཟུགས་གཞིའི་བདེ་ཐང་ལ་སོགས་པའི་ཞིབ་ཕྲའི་གནས་ཚུལ་དང་། དེ་བཞིན་ཁོང་སླར་ཡང་དགོན་པར་ཆོས་ཞུགས་བྱེད་དུ་འཇུག་མིན་སོགས་ད་ལྟ་གསལ་ཆ་མེད་པ་འགྲེལ་བརྗོད་གནང་གི་འདུག སྤྱི་ལོ་༢༠༡༢ལོའི་སྤྱི་ཟླ་༢་པའི་ཚེས་༡༧ཉིན་བོང་སྟག་དགོན་པའི་དགེ་བསྐོས་ཟུར་བ་དང་། དཔེ་ཁྲིད་དགེ་རྒན་དམ་ཆོས་བཟང་པོ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་སུ་སོང་རྗེས་དགོན་པའི་དགེ་འདུན་པ་དང་སྐྱ་བོ་གཅིག་མི་གྲངས་༢༠ལྷག་འཛིན་བཟུང་བྱས་པའི་ཁྲོད་ནས་ལོ་༡༠ཡི་ཁྲིམས་ཆད་ཕོག་པའི་དགེ་བཤེས་མཁས་གྲུབ་རྒྱ་མཚོ་དང་། ལོ་དགུའི་ཁྲིམས་ཆད་ཕོག་པ་སངས་རྒྱས་རྒྱ་མཚོ་སྤུན་མཆེད་གཉིས་དང་ཡང་ལོ་༨ཀྱི་ཁྲིམས་ཆད་ཕོག་པ་སྐལ་བཟང་བྱང་སེམས་བཅས་ད་ལྟ་ཟི་ལིང་གི་བཙོན་ཁང་ནང་བཙོན་འཇུག་གིས་ངལ་རྩོལ་བསྒྱུར་བཀོད་བྱེད་བཞིན་ཡོད་པ་རེད་འདུག

གསར་འགོད་པ་ལྕགས་མོ་འཚོ་དང་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎