རྒྱ་ནག་གཞུང་གིས་བོད་ནང་མི་མང་རང་བཞིན་གྱི་ཚོགས་འདུར་མཉམ་ཞུགས་མི་བྱེད་མཁན་ཚོར་ཉེས་ཆད་གཅོད་བཞིན་ཡོད་འདུག
དེང་སྐབས་བོད་ཀྱི་ས་ཁུལ་འདྲ་མིན་ནང་རྒྱ་ནག་གཞུང་གིས་རྒྱ་བསྒྱུར་སློབ་གསོའི་བསམ་བློ་ཁྱབ་སྤེལ་གྱི་ལས་འགུལ་ཤུགས་ཆེར་སྤེལ་བཞིན་ཡོད་ཅིང་། ལྷག་པར་དུ་མི་མང་རང་བཞིན་གྱི་ཚོགས་འདུ་འདྲ་མིན་སྐོང་འཚོགས་དང་། གལ་ཏེ་ཚོགས་འདུ་དེ་དག་གི་ནང་མཉམ་ཞུགས་མ་བྱེད་ཚེ་ས་ཐོ་ལག་འཛིན་དང་ཁྱིམ་ཐོ་འཕྲོག་པ་སོགས་གཞི་རྩའི་ཐོབ་ཐང་མང་པོ་ཞིག་མེད་པ་བཟོ་བཞིན་ཡོད་པ། བོད་ནང་དང་བཙན་བྱོལ་ནང་ཡོད་པའི་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་བྱུང་།
བོད་ནང་རྒྱ་བསྒྱུར་སློབ་གསོའི་ལས་འགུལ་ཟེར་བ་དེ་ཕྱི་ལོ་ ༢༠༢༢ ལོ་འགོ་ནས་སྤེལ་འགོ་བཙུགས་ཡོད་པ་རེད། མགོ་ལོག་ཁུལ་དུ་ལས་འགུལ་དེ་ཕྱི་ཟླ་ ༢ ནས་སྤེལ་འགོ་ཚུགས་ཤིང་། དེ་ཡང་གྲོང་གསེབ་དར་སྤེལ་གྱི་དྲིལ་བསྒྲགས་སློབ་གསོ་ཟེར་བའི་མིང་གི་ཐོག་ནས་སྤེལ་བཞིན་ཡོད་འདུག་ལ། ཆབ་སྲིད་དྲིལ་བསྒྲགས་ཀྱི་སློབ་གསོའི་ལས་འགུལ་དེ་དག་གི་ནང་ས་གནས་མི་མང་བཙན་དབང་གི་ཐོག་ནས་མཉམ་ཞུགས་བྱེད་འཇུག་བཞིན་ཡོད་འདུག དཔེར་ན་ཕྱི་ཟླ་ ༣ ཕྱི་ཚེས་ ༩ ཉིན་མགོ་ལོག་ཁུལ་ནས་སློབ་ཕྲུག་ཁག་ཅིག་གི་ཕ་མ་ཚོགས་འདུར་བསྡུས་ཏེ། ཚོགས་ཐོག་ཏུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དར་སྤེལ་སློབ་གསོའི་གསོ་སྦྱོང་དགོས་ལུགས་བརྗོད་འདུག་པར་མ་ཟད། གལ་ཏེ་མི་དམངས་རང་བཞིན་གྱི་ཚོགས་འདུ་འདི་རིགས་ཀྱི་ནང་མཉམ་ཞུགས་མ་བྱེད་ཚེ། གཞུང་གི་རོགས་སྐྱོར་མཚམས་འཇོག་དང་དངུལ་གྱི་ཆད་པ་གཅོད་པའི་ཁར། ད་དུང་མགོ་ལོག་ཁུལ་གྱི་ས་གནས་འགའ་ཤས་ནང་རྒྱ་ནག་གཞུང་གི་ལས་བྱེད་པ་ཚོས་ཆབ་སྲིད་དྲིལ་བསྒྲགས་ཀྱི་སློབ་གསོའི་ཚོགས་འདུ་དེ་རིགས་ནང་མཉམ་ཞུགས་མ་བྱེད་ཚེ། ས་ཐོ་དང་ཁྱིམ་ཐོ་མེད་པ་བཟོས་ནས་ཉེས་ཆད་བཀེལ་ཡོད་པ་བོད་ནང་གི་བོད་མི་ཞིག་གིས་འགྲེལ་བརྗོད་གནང་བྱུང་།
ཡང་འབྲེལ་ཡོད་བོད་མི་གཞན་ཞིག་གིས་ནག་ཆུ་ས་ཁུལ་ལྟ་བུར་མཚོན་ན་མི་མང་ཀྱི་ཚོགས་འདུ་དེ་རིགས་སྐབས། མང་ཚོགས་ཀྱི་ངོས་ནས་རང་སྐྱོན་ཐེར་འདོན་བྱེད་དགོས་ལུགས་དང་། རྒྱ་ནག་རྒྱལ་ཁབ་ཀྱི་ཁྲིམས་དང་ཆབ་སྲིད་ལ་སློབ་སྦྱོང་བྱེད་དགོས། དེ་དག་སློབ་སྦྱོང་བྱེད་པར་རྒྱ་ཡིག་དང་རྒྱ་སྐད་ལ་སློབ་སྦྱོང་དགོས་པའི་སློབ་གསོ་སྤྲོད་བཞིན་ཡོད་སྐོར་ཡིག་ཐོག་བརྒྱུད་འགྲེལ་བརྗོད་བྱུང་།
རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་༣ནང་གྲོང་གསེབ་དར་སྤེལ་གྱི་ཡིག་ཆ་ཨང་དང་པོ་ཟེར་བ་ཞིག་འདོན་སྤེལ་བྱས་ཡོད་ཅིང་། དེའི་འགྲེལ་བཤད་ཀྱི་ནང་། ཡིག་ཆ་ཨང་དང་པོ་ཟེར་བ་ནི་གྲོང་གསེབ་དར་སྤེལ་གཏོང་རྒྱུའི་དུས་ལ་སླེབས་ཟིན་པའི་ལས་འགུལ་ཞིག་ཡིན་པ་དང་། དེ་ཡང་ཕྱི་ལོ་༢༠༢༢ལོའི་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གཙོ་གནད་ལས་གཞི་ཞིག་ཡིན་པ། དེ་ནི་ལོ་འཁོར་རང་བཞིན་གྱི་ལས་འགན་དང་དམིགས་གཏད་རང་བཞིན་གྱི་བྱེད་ཐབས་ཡིན་སྐོར་སོགས་བཀོད་ཡོད་པ་རེད།
བོད་གནས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་མི་མང་རང་བཞིན་གྱི་ཚོགས་འདུ་དེ་དག་གི་ནང་དོན་གཙོ་བོ་མིང་ཙམ་བརྗེ་བ་མ་གཏོགས། དེ་སྔ་ནས་རྒྱ་ནག་གཞུང་ལ་དགའ་ཞེན་དང་རྒྱ་ནག་གི་ཁ་ལ་ཉན་དགོས་པ་རེད་ཅེས་དང་། འོན་ཀྱང་ཕྱོགས་ཡོངས་ནས་རྒྱ་ནག་གི་གྲོང་གསེབ་དར་སྤེལ་གྱི་ཡིག་ཆ་ཨང་དང་པོ་ཟེར་བ་དེར་དོ་སྣང་བྱེད་དགོས་པ་ཞིག་ཡིན་པ་མ་ཟད། ཡིག་ཆ་ཨང་དང་པོའི་དྲིལ་བསྒྲགས་ཟེར་བ་དང་འབྲེལ་ནས་དགོན་པ་དང་སློབ་གྲྭ་ཚོགས་སྡེ་ཁག། དེ་བཞིན་མི་མང་ཡོངས་ལ་རྒྱ་ནག་གི་དམར་ཤོག་ཚོགས་པའི་ལས་གཞི་འདྲ་མིན་སྤེལ་ཐབས་ཀྱི་གོ་སྐབས་ཤིག་སྐྲུན་བཞིན་ཡོད་སྐོར་བརྗོད་བྱུང་།
རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ཕྱི་ལོ་༢༠༡༦ཙམ་ནས་བཟུང་གཞུང་གཉེར་སློབ་གྲྭ་ཁག་ཚང་མའི་ནང་རྒྱ་ཡིག་གཙོ་ཁྲིད་ཀྱི་སློབ་ཚན་མགོ་ཚུགས་ཡོད་པ་དང་། ཕྱི་ལོ་༢༠༢༡ལོ་ནས་བཟུང་མཚོ་སྔོན་དང་སི་ཁྲོན་གྱི་བོད་པའི་སློབ་གྲྭ་ཁག་ཏུ་རྒྱ་བསྒྱུར་སློབ་གསོ་སྤེལ་མགོ་ཚུགས་ཡོད་པ་དང་། རྒྱ་ནག་གཞུང་གིས་སྔ་ལོ་ནས་བཟུང་རྒྱ་བསྒྱུར་སློབ་གསོ་ལག་བསྟར་དང་འབྲེལ་ནས། རྒྱ་བསྒྱུར་སློབ་གསོར་ངོས་ལེན་མི་བྱེད་མཁན་མཚོ་སྔོན་ཕྱོགས་ནས་སྔ་ཕྱིར་བོད་མི་གཞོན་སྐྱེས་མགུལ་གྲགས་དང་དབྱངས་རིས་གཉིས་འཛིན་བཟུང་དང་། དེ་བཞིན་འདི་ལོའི་ཕྱི་ཟླ་༡ནང་བློ་བརྟན་ལགས་ནས་རྒྱ་བསྒྱུར་སློབ་གསོར་ངོ་རྒོལ་བྱས་སྐོར་བརྗོད་ནས་འཛིན་བཟུང་གིས་སློབ་གསོ་བསྒྱུར་བཀོད་ཁང་དུ་བཙན་ཁྲིད་བྱས་པ་སོགས་ཀྱི་གནས་ཚུལ་རིམ་པར་བྱུང་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།