ཡུལ་ཚོའི་སློབ་ཆུང་སྒོ་རྒྱག་སྲིད་པར་བོད་མི་ཚོས་བློ་འཚབ།
2014.05.22

མདོ་སྨད་མགོ་ལོག་ཕྱོགས་ཀྱི་མཚོ་སྐྱ་རེང་ཡུལ་ཚོའི་ས་གནས་སློབ་ཆུང་སྒོ་རྒྱག་སྲིད་པའི་ཉེན་བརྡ་ཐེངས་གཉིས་བ་བཏང་ཡོད་འདུག
དེ་ཡང་བོད་ནས་འདི་གར་གནས་ཚུལ་འབྱོར་དོན། སྤྱི་ལོ༢༠༡༤ལོའི་སྤྱི་ཟླ་༥བའི་ཚེས་༢༠ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་གི་སྐྱ་རེང་ཡུལ་ཚོའི་སྐབས་བཅོ་ལྔ་བའི་ས་གནས་འཐུས་མིའི་ཚོགས་ཆེན་ཐེངས་བཞི་པ་ཡུལ་ཚོའི་ས་གནས་སྲིད་གཞུང་དུ་ཚོགས་ཡོད་པ་དང་། ཚོགས་ཆེན་གཙོ་སྐྱོང་བྱེད་མཁན་ས་གནས་རྒྱ་ནག་གི་འགོ་ཁྲིད་ལས་བྱེད་ཁག་གཅིག་གིས་ཚོགས་འདུའི་ནང་དོན་རིམ་པར་གོ་བསྡུར་བྱས་བ་དང་མཉམ་གོང་རིམ་རྒྱལ་ཁབ་ཀྱི་སྲིད་ཇུས་ལྟར་འབྲོག་པ་རྣམས་དེང་རབས་གྲོང་རྡལ་ཅན་ལ་བསྒྱུར་བཞིན་པ་དང་། སྲིད་ཇུས་དེིའི་འོག་ས་གནས་བོད་མི་འབྲོག་པ་ཚོར་རོགས་རམ་དང་། མཐུན་འགྱུར་གང་ཡོད་བྱེད་བཞིན་པ། ས་གནས་བོད་མི་འབྲོག་པ་མང་ཚོགས་ནས་ཀྱང་རྒྱལ་ཁབ་ཀྱི་སྲིད་ཇུས་ལྟར་གང་མགྱོགས་གྲོང་རྡལ་ཅན་ལ་བསྒྱུར་ཐབས་བྱེད་དགོས་སྐོར་བརྗོད་པ་དང་། དེ་ལྟར་མ་བྱས་ཚེ་ས་གནས་ཀྱི་ལས་བྱེད་པའིོ་ལས་དོན་བྱེད་ཕྱོགས་ཐད་ལ་ཡང་དཀའ་ངལ་འཕྲད་བཞིན་པ་སོགས་བརྗོད་འདུག་པར་མ་ཟད། ད་ཐེངས་ཀྱི་ཚོགས་འདུ་བརྒྱུད་མཚོ་སྐྱ་རེང་ཡུལ་ཚོའི་ས་གནས་སློབ་གྲྭ་མི་འགྱངས་བར་སྒོ་རྒྱག་སྲིད་པ་ཚོགས་ཐོག་ནས་གསལ་སྟོན་བྱས་འདུག ས་གནས་བོད་མི་ཞིག་གིས་བརྗོད་དོན། དེ་སྔོན་ཡང་ས་གནས་རྒྱ་ནག་གི་དབང་འཛིན་པ་ཚོིས་སློབ་གྲྭ་སྒོ་རྒྱག་རྒྱུའི ཐབས་ཤེས་ཐེངས་གཅིག་བྱས་མྱོང་བ་དང་། ད་ཐེངས་བསྐྱར་ཏུ་ས་གནས་འཐུས་མིིའི་ཚོགས་ཆེན་ཐོག་བཤད་པ་ས་གནས་བོད་མི་ཚོས་གོ་ཐོས་བྱུང་མ་ཐག་ས་གནས་བོད་མི་འབྲོག་པ་རྣམས་གྱིས་ཧ་ཅང་གི་སེམས་འཚབ་བྱེད་བཞིན་པ་བརྗོད་བྱུང་།
གནས་ཚུལ་ལྟར་ན། མགོ་ལོག་ཁུལ་རྨ་སྟོད་རྫོང་སྐྱ་རེང་ཡུལ་ཚོིའི་སློབ་ཆུང་ནི་སྤྱི་ལོ་༡༩༧༠ལོ་ནས་ས་གནས་དེར་ཡོད་ཐོག་འཛིན་རིམ་དང་པོ་ནས་བཞི་བ་བར་ཡོད་པ་དང་། འབྲོག་ཡུལ་ལུང་ཁུག་ཁག་ན་ཡོད་པའི་འབྲོག་པ་རྣམས་ཀྱི་བུ་ཕྲུག་རྣམས་སློབ་སྦྱོང་བྱེད་པར་གཏོང་སའི་སློབ་གྲ་གཙོ་བོ་ཡིན་པར་ད་ལྟའི་ཆར་སློབ་གྲ་དེའི་ནང་སློབ་མ་གྲངས་༥༠ཙམ་ཡོད་པ་རེད་འདུག
སྤྱི་ལོ་༡༩༩༠ཙམ་ནས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་འབྲོག་པ་ཚོས་ཚད་ལས་བརྒལ་བའི་ནོར་ལུག་འཚོ་སྐྱོང་བྱེད་པར་ཉེས་མིང་བཙུགས་ནས་རྩྭ་ཐང་རྭ་བས་བསྐོར་བ་དང་། ཕྱུགས་བསྐྱུར་རྩྭ་སྐྱོང་། འབྲོག་པ་དེང་རབས་གྲོང་སྡེ་ཅན་ལ་བསྒྱུར་རྒྱུ་ཞེས་བའི་སྲིད་ཇུས་ལག་བསྟར་བྱས་ནས་ས་གནས་བོད་མིའི་སྲོལ་རྒྱུན་འབྲོག་པའི་འཚོ་བ་ལ་དོ་ཕོག་ཆེན་པོ་བྱུང་ཡོད་ཐོག་ཕྱོགས་གང་ཐད་ནས་དཀའ་ངལ་འདྲ་མིན་འཕྲད་བཞིན་པ་རེད།
གསར་འགོད་པ་ཀླུ་འབུམ།
མཚོ་སྐྱ་རེང་ཡུལ་ཚོའི་ས་གནས་སློབ་ཆུང་གི་བརྙན་ཐུང་ཞིག་གཤམ་ནས་གཟིགས་ཐུབ།