རྒྱ་གཞུང་གིས་༸གོང་ས་མཆོག་ལ་སླར་ཡང་མཚན་དམས་ཞུས་པ།
2009.03.07
༄༅༎རྒྱ་ནག་གི་དཔོན་རིགས་ནས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཆེན་པོ་ཟེར་བ་བཙལ་ཐབས་གནང་གི་ཡོད་ལུགས་ཀྱི་མཚན་དམས་ཞུས་ཡོད་པ་དང་འབྲེལ་ཕྱི་རྒྱལ་ཡུལ་གྲུ་ཁག་གིས་༸གོང་ས་མཆོག་ཕྱི་རྒྱལ་ཡུལ་གྲུའི་ནང་རྒྱ་ནག་ཁ་བྲལ་གྱི་གཏམ་བཤད་སྤེལ་རྒྱུའི་གདེང་ཆ་ཕུལ་རྒྱུ་མེད་ལུགས་ཀྱི་ཉེན་བརྡ་བཏང་ཡོད་པ་རེད།
སྤྱིར་བཏང་རྒྱ་ནག་གཞུང་གིས་རྒྱུན་དུ་ནས་༸གོང་ས་མཆོག་གིས་བོད་དེ་རྣམ་པ་འགྱུར་བའི་རང་བཙན་དང་ཕྱེད་རང་བཙན་ཟེར་བ་ཡོངས་ཐབས་འབད་བརྩོན་གནང་གི་ཡོད་ལུགས་ཀྱི་མཚན་དམས་ཞུ་མུས་ཡིན་ན་ཡང་ད་རེས་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཇལ་ཧྲེ་ཡིས་གསུམ་བཅུའི་དུས་དྲན་གྱི་ཚོར་བ་རྣོ་བའི་དུས་ཚིགས་དང་ཉེ་བའི་སྐབས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཕྱོགས་ཁག་གིས་ད་དུང་ཡང་བོད་ཆེན་པོ་ཟེར་བའི་རྒྱ་ནག་གི་གསུམ་ཆ་གཅིག་གི་མངའ་ཁུལ་དེ་དག་གཅིག་དུ་སྒྲིལ་ནས་དེའི་ནང་བོད་མི་མ་གཏོགས་མི་རིགས་གཞན་རྣམས་དང་རྒྱ་ནག་གི་དམག་དཔུང་ཕྱིར་བཏོན་གྱི་འདོད་ཚུལ་འཛིན་བཞིན་པ་དེ་འདོར་མེད་ལུགས་ཀྱི་མཚན་དམས་བསྐྱར་བཟློས་ཞུས་ཡོད་པ་དང་ཆབས་ཅིག་རྒྱ་ནག་དང་འབྲེལ་ལམ་འཕེལ་རྒྱས་གཏང་འདོད་ཡོད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གིས་༸གོང་ས་མཆོག་ཡུལ་གྲུ་དེ་ཚོའི་ནང་ཆིབས་བསྒྱུར་མཐོང་མཆན་སྤྲོད་རྒྱུ་མེད་པ་མ་ཟད་ཡུལ་གྲུ་དེ་ཚོའི་གདེང་ཆ་བེད་སྤྱོད་ནས་རྒྱལ་སྤྱིའི་ནང་བོད་དེ་རྒྱ་ནག་ནས་ཁ་བྲལ་གཏང་རྒྱུའི་བྱ་སྤྱོད་སྤེལ་བཅུག་རྒྱུ་མེད་པའི་ཉེན་བརྟ་བཏང་ཡོད་པ་རེད༎