བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་ཞེས་སྐུལ་མ།
2011.09.28
༄༅༎ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་ རྒྱ་ནག་གཞུང་ལ་བོད་ནང་གི་ཆོས་དད་རང་དབང་ལ་བརྩི་བཀུར་ཞུ་དགོས་རྒྱུའི་འབོད་སྐུལ་གནང་བའི་རྗེས། དེ་རིང་རྒྱ་ནག་གིས་ཨ་མི་རི་ཀའི་ཕྱོགས་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པར་ངོ་རྒོལ་སྐྱོན་བརྗོད་བྱས་འདུག
མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་གཉིས་ནས་རང་ལུས་མེར་བསྲེག་བཏང་གནང་སྟེ་རྒྱ་གཞུང་གིས་བོད་མི་ཚོར་ཆོས་དད་རང་དབང་སྤྲད་ཀྱི་མེད་པར་ངོ་རྒོལ་གནང་བ་དེར་ ཁ་ས་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བློ་འཚབ་ཆེན་པོ་གནང་བ་དང་ཆབས་ཅིག༌། རྒྱ་ནག་གཞུང་ལ་ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་དུ་གནས་སྟངས་རྟོག་ཞིབ་ཆེད་ཕྱི་རྒྱལ་གྱི་གསར་འགོད་པ་དང་ཕྱི་འབྲེལ་དཔོན་རིགས་ཁག་འགྲོ་བསྐྱོད་ཆོག་པའི་ཆོག་མཆན་སྤྲོད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
དེ་རིང་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལེ་ཡིས་གསར་འགོད་པ་ཚོར། བོད་པའི་གནད་དོན་ཁ་ལ་འཁྱེར་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་དང་རྒྱ་ནག་གི་སྤྱི་ཚོགས་གཏན་ལྷིང༌། མི་རིགས་མཐུན་སྒྲིལ་བཅས་ལ་གནོད་སྐྱོན་དོ་ཕོག་གཏོང་མཁན་མི་སྒེར་རམ་ཡང་ན་རྒྱལ་ཁབ་སུ་ཞིག་ཡིན་རུང་ང་ཚོ་རྒྱ་ནག་གིས་ངོ་རྒོལ་མཐའ་ཅིག་ཏུ་ཡོད་ཅེས་བརྗོད་བཞག། ཡང་རྒྱ་མིའི་མགྲིན་ཚབ་པ་དེས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་ཐོབ་ཐང་དང་ཁེ་ཕན་སྲུང་སྐྱོབ་བྱེད་ཀྱི་ཡོད་ལུགས་ཀྱང་འགྲེལ་བརྗོད་བྱས་འདུག།
རྒྱ་གཞུང་གིས་འདས་པའི་ཟླ་བ་མང་པོའི་རིང་ཀིརྟི་དགོན་པའི་དགེ་འདུན་པའི་ཐོག་ཐབས་ལམ་འདྲ་མིན་ཐོག་ནས་དྲག་གནོན་ཚབས་ཆེ་བྱེད་བཞིན་ཡོད་པར་དགེ་འདུན་པ་རྣམས་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་བསྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་བཞིན་པའི་གནས་ཚུལ་ཞིག་སླར་ཡང་ཕྱི་ཚེས་༢༦ཉིན་མདོ་སྨད་ཀིརྟི་དགོན་པའི་ནང་བྱུང་ཡོད་པར་བརྟེན། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བོད་ནང་གི་བོད་མི་ཚོས་དཀའ་སྡུག་ཆེན་པོ་མྱང་དང་མྱོང་བཞིན་ཡོད་པ་དེ་དག་མཚམས་འཇོག་ཡོང་ཐབས་སུ་ རྒྱ་ནག་གི་གཞུང་འཛིན་འགོ་ཁྲིད་ཚོས་གཞིས་ལུས་བོད་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་དགོས་པའི་རེ་སྐུལ་གནང་བ་དང༌། ཆབས་ཅིག་བོད་མི་གནས་འཁོད་ས་གནས་ཁག་ནང་རྩོད་རྙོག་བཟོ་གཞིའི་རྒྱ་ནག་གི་སྲིད་བྱུས་ཁག་ལ་བསྐྱར་ཞིབ་དང༌། བོད་ཀྱི་མཐོུང་མ་ཡིན་པའི་ཆོད་དང་རིག་གཞུང༌། སྐད་ཡིག་སྲུང་སྐྱོབ་བདག་གཅེས་ངེས་པར་བྱེད་དགོས་རྒྱུའི་འབོད་སྐུལ་ནན་ཆེ་གནང་འདུག།