རྒྱ་ནག་གིས་ཨ་རི་ལ་དྲག་ཤུགས་ཆེ་བའི་ཐབས་ཇུས་ལག་བསྟར་བྱ་རྒྱུའི་སྡིགས་ར་སྐུལ་འདུག


2018.12.22
རྒྱ་ནག་གིས་ཨ་རི་ལ་དྲག་ཤུགས་ཆེ་བའི་ཐབས་ཇུས་ལག་བསྟར་བྱ་རྒྱུའི་སྡིགས་ར་སྐུལ་འདུག ཨ་རིའི་སྲིད་འཛིན་ཌོ་ནལ་ཌ་ཊམ་དང་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང༌།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌།

༄༅། །ཨ་མི་རི་ཀའི་ཆབ་འབངས་བོད་ནང་བསྐྱོད་རྒྱུར་མཐོང་མཆན་མ་སྤྲོད་མཁན་རྒྱ་ནག་གི་དཔོན་རིགས་ཚོར་ཨ་རིའི་ནང་ཡོང་ཆོག་པའི་མཐོང་མཆན་སྤྲོད་རྒྱུ་མིན་པའི་་RATཞེས་པའི་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་དགོས་པའི་ཁྲིམས་འཆར་ཐོག་ཨ་མི་རི་ཀའི་སྲིད་འཛིན་ཌོ་ཎལ་ཌ་ཊམ་མཆོག་གིས་
མཚན་རྟགས་བཀོད་གནང་བ་དེར་རྒྱ་གཞུང་ཁོང་ཁྲོ་ལངས་ནས་རྒྱ་ནག་གིས་ཨ་མི་རི་ཀར་རང་ཉིད་ཀྱི་ཁེ་ཕན་སྲུང་སྐྱོབ་བྱ་ཕྱིར་དྲག་ཤུགས་ཆེ་བའི་ཐབས་ཇུས་ལག་བསྟར་བྱ་རྒྱུའི་སྡིགས་ར་སྐུལ་འདུག
ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ནས་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་གནང་རྗེས་སྲིད་འཛིན་ཏྲམ་མཆོག་གིས་མཚན་རྟགས་བཀོད་གནང་བའི་རྗེས་གོང་ཞུས་ཁྲིམས་འཆར་དེ་ཁྲིམས་ལ་བསྒྱུར་ཡོད་པར་རྒྱ་ནག་མི་དགའ་བ་ཆེན་པོ་བྱུང་འདུག
རྒྱ་ནག་གིས་བོད་དེ་བཞིན་ལོ་ངོ་བརྒྱ་ཕྲག་མང་པོའི་གོང་ནས་རྒྱ་ནག་གི་ཆ་ཤས་ཡིན་པར་ཨུ་ཚུགས་བྱེད་བཞིན་ཡོད་པ་དང་། ༡༩༥༩ལོར་བོད་ནང་གི་བོད་མི་ཚོས་རྒྱ་གཞུང་གི་བཙན་འཛུལ་ལ་ཞི་བའི་སྒེར་ལངས་གནང་རྗེས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཁྱིམ་མཚེས་རྒྱ་གར་ལ་ཡུལ་བྱོལ་དུ་ཆིབས་བསྒྱུར་གནང་དགོས་བྱུང་བ་རེད།
ཕྱི་རྒྱལ་མི་སྣ་བོད་ནང་བསྐྱོད་རྒྱུར་རྒྱ་ནག་ནས་དམིགས་བསལ་ཆོག་མཆན་ལེན་དགོས་ཀྱི་ཡོད་པ་རེད། ཨ་མི་རི་ཀའི་གཞུང་འབྲེལ་དཔོན་རིགས་ཚོས་གསུངས་ན། གཞུང་གི་དཔོན་རིགས་དང་གསར་འགོད་པ་ཡུལ་སྐོར་སྤྲོ་འཆམ་པ་ཐེ་པའི་ཨ་མི་རི་ཀའི་མི་སེར་རྣམས་བོད་ནང་བསྐྱོད་རྒྱུར་རྒྱ་ནག་གིས་མཐོང་མཆན་སྤྲད་ཀྱི་མེད་པ་དང་། གལ་ཏེ་མི་རེ་ཟུང་ལ་མཐོང་མཆན་སྤྲད་པ་ཡིན་ན་ཡང་རྒྱ་ནག་གི་གཞུང་འབྲེལ་ལྟ་སྲུང་དམ་པོའི་འོག་གཞུང་གི་བཀོད་སྒྲིག་བྱས་པའི་ལྟ་སྐོར་རུ་ཁག་མཉམ་འགྲོ་དགོས་ཀྱི་ཡོད་པ་ལས། བོད་ཀྱི་ས་གནས་ཁག་ནང་སོ་སོའི་འདོད་ཡོད་པ་ཡོད་པ་བཞིན་རང་དབང་གི་ཐོག་ནས་འགྲོ་ཆོག་གི་མེད་དུས། བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གིས་ཨ་མི་རི་ཀར་དེའི་འཇུག་འབྲས་ངན་པ་ཡོང་རྒྱུའི་སྡིགས་ར་བསྐུལ་ཡོད་པ་མ་ཟད། གཟའ་ཕུར་བུའི་མཚན་མོ་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནས་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་། ཨ་མི་རི་ཀས་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་གཞི་གཏན་འབེབས་བྱས་པ་དེ་ནི་རྒྱལ་སྤྱིའི་འབྲེལ་ལམ་གྱི་སྒྲིག་སྲོལ་དང་ཡོངས་སུ་འགལ་ཡོད་པ་མ་ཟད། རྒྱ་ནག་གི་ནང་སྲིད་ལ་ཨ་མི་རི་ཀས་ཐེ་བྱུས་བྱས་པ་ཞིག་ལ་ངོས་འཛིན་བྱས་འདུག
རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་སྤེལ་བའི་བསྒྲགས་གཏམ་དེའི་ནང་བོད་ཀྱི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་དང་འབྲེལ་བའི་གནད་དོན་ཞིག་ཡིན་སྟབས། ཕྱིའི་རྒྱལ་ཁབ་གཞན་ནས་ཐེ་བྱུས་བྱ་ཆོག་རྒྱུ་མིན་པ་དང།
བོད་དང་དེ་མིན་རྒྱ་ནག་གི་དབྱེ་བའི་ཞིང་ཆེན་ཁག་བཞིའི་ནང་གི་བོད་པའི་ས་ཁུལ་ཚང་མར་འཛམ་གླིང་གི་ཕྱོགས་གང་ས་ནས་མི་ཡོང་མཆོག་གི་ཡོད་པ་བརྗོད་དེ། ༢༠༡༥ནས་བཟུང་བོད་དང་བོད་པ་གནས་སྡོད་བྱ་ཡུལ་རྒྱ་ནག་གི་དབྱེ་བའི་ཞིང་ཆེན་ཁག་གི་ནང་ཨ་མི་རི་ཀ་གཅིག་པུ་ནས་འགྲུལ་པ་མི་གྲངས་ཁྲི་བཞི་ཙམ་འབྱོར་ཡོད་པ་དང་། དེ་ཚོའི་ནང་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱིས་སྣེ་ལེན་ཞུས་པའི་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མིའི་གཟིགས་སྐོར་ཚོགས་ཆུང་ཐེངས་འགའ་ཤས་ཕེབས་ཡོད་པ་རྒྱ་ནག་གིས་འགྲེལ་བརྗོད་བྱས་བཞག
རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་Hua Chunying གིས་བོད་ནང་ལྟ་སྐོར་དང་ཡུལ་སྐོར་སྤྲོ་འཆམ་ཚོང་ལས་བཅས་ཀྱི་དོན་དུ་ཡོང་མཁན་ཕྱི་རྒྱལ་གང་མང་མང་ལ་རྒྱ་ནག་གིས་དགའ་བསུ་བྱ་རྒྱུ་ཡིན་པ་མ་ཟད། སྲིད་བྱུས་དེར་འགྱུར་བ་ནམ་ཡང་མེད་ཅེས་བརྗོད་ཡོད་རུང་། ཕྱི་རྒྱལ་ལྟ་སྐོར་བ་དང་འགྲུལ་པ་ཚོས་རྒྱ་ནག་གི་ཁྲིམས་དང་སྒྲིགས་གཞིར་བརྩི་སྐུར་བྱེད་དགོས་ཀྱི་རེད་ཅེས་བརྗོད་དེ། ཨ་རི་གཞུང་གིས་བོད་དང་འབྲེལ་བའི་གནད་དོན་དེ་སྣོ་ངར་ཅན་ཞིག་ཡིན་པར་ངོས་འཛིན་གནང་བའི་ཐོག་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་མི་འགྲོ་བའི་དོན་དུ་ཁྲིམས་གཞི་དེ་ལག་བསྟར་མི་གནང་བའི་འབོད་སྐུལ་དང་སྦྲགས། གལ་ཏེ་ལག་བསྟར་གནང་བ་ཡིན་ན་འཇུག་འབྲས་ངན་པ་ཐོན་རྒྱུའི་སྡིགས་ར་སྐུལ་འདུག།

གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎