རྒྱ་ནག་ནང་ཁྲིམས་མཐུན་མེད་པའི་ས་ཁང་ཚོང་ལས་ངོ་རྒོལ།
2011.09.25
༄༅༎རྒྱ་ནག་གཞུང་གི་ས་ཁང་ནང་གནས་སྡོད་བྱེད་མཁན་དོ་དག་གི་ཤེས་རྟོགས་མེད་པར་ས་ཁང་ཚོང་བསྒྱུར་བྱེད་པའི་གནད་དོན་ཐོག་ནས་མི་དམངས་ཀྱིས་དྲག་པོའི་ངོ་རྒོལ་བྱས་ནས་ཉིན་གྲངས་འགའ་ཤས་འགྲོ་གི་ཡོད་པར་བརྟེན། འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་ནས་དྲག་པོའི་ཟིང་ཆ་འཇམ་ཐབས་སུ་གཞུང་གི་ས་ཁང་ཚོང་འགྲེམས་བྱེད་པའི་གནད་དོན་ཐོག་ཞིབ་འཇུག་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད།
དེ་ཡང་རྒྱ་ནག་གི་བཟོ་ལས་ལྟི་གནས་ཡིན་པ་ལྷོ་ཕྱོགས་ཀོང་ཏུང་ཞིང་ཆེན་གྱི་ལུ་ཕང་གྲོང་ཁྱེར་གྱི་ཉེ་འདབས་གནས་སྡོད་བྱེད་མཁན་གྲོང་གསེབ་མི་དམངས་བརྒྱ་ཕྲག་མང་པོ་ཁོང་ཁྲོ་བྱུང་སྟེ། ཁོང་ཚོའི་ཆོག་ཆན་གང་ཡང་མེད་པར་ས་ཁང་ཚོང་གི་ཡོད་པར་བརྟེན་ནས། གྲོང་གསེབ་མི་དམངས་ཚོས་ཀོང་ཏུང་ཞིང་ཆེན་གྱི་ཉེན་རྟོག་ལས་ཁང་ལ་རྒོལ་རྡུང་བཏང་བ་མ་ཟད། ཉེན་རྟོག་པའི་མོ་ཊ་ཡང་གཏོར་སྐྱོན་བཏང་ཡོད་པ་རེད། དེར་བརྟེན་ཀོང་ཏུང་ཞིང་ཆེན་གྱི་ལུ་ཕང་གྲོང་ཁྱེར་དཔོན་རིགས་ནས། གལ་ཏེ་ས་གནས་མི་དམངས་ཀྱིས་ངོ་རྒོལ་ལས་འགུལ་མཚམས་འཇོག་བྱས་ན། ས་ཁང་བཙོང་བའི་གནད་དོན་ཐོག་རྟོག་ཞིབ་བྱ་རྒྱུ་ཡིན་ཞེས་བཤད་པའི་སྐོར། ལྷོ་ཕྱོགས་ཉིན་རེའི་ཚགས་པར་གྱིས་གནས་ཚུལ་སྤེལ་ཡོད་པ་རེད། ལུ་ཕང་གྲོང་ཁྱེར་ཉེ་འདབས་ཀྱི་གྲོང་གསེབ་པ་ཚོས། ངོ་རྒོལ་ལས་འགུལ་ཐོག་མར་རེས་གཟའ་ལྷག་པའི་ཉིན་འགོ་བཙུགས་ཡོད་པ་དང༌། དེ་རྗེས་ཕྲུ་གུ་ཞིག་རྐྱེན་ལམ་དུ་ཕྱིན་པའི་དཀྲོག་གཏམ་གྱི་གནས་ཚུལ་ཞིག་ཁྱབ་སྤེལ་བཞིན་པའི་རྗེས། ངོ་རྒོལ་ལས་འགུལ་གྱི་རྣོ་ངར་ཆེ་རུ་ཕྱིན་ཡོད་པ་རེད། ད་རེས་ཀྱི་དོན་རྐྱེན་དེ་ནི། ས་གནས་དེའི་ནང་དུ་མི་དམངས་ཀྱི་ས་ཁང་ཐོག་དྲང་བདེན་མ་བྱུང་བར་ངོ་རྒོལ་བྱས་པ་ཞིག་ཡིན་པ་དང༌། ཁ་སྔོན་ཕྱི་ཟླ་དྲུག་པའི་ནང་ལའང་ཞིང་ཆེན་དེའི་ནང་གི་བཟོ་གྲའི་ལས་བཟོ་བ་ཚོའི་གླ་འབབ་གནད་དོན་ཐོག་ནས། ལས་བཟོ་བ་ཞིག་ལ་གྲི་བརྒྱབ་ཏེ་རྨས་སྐྱོན་བཏང་བའི་རྗེས། མི་དམངས་བརྒྱ་ཕྲག་འགའ་ཤས་ཀྱིས་ཉེན་རྟོག་པ་དང་གདོང་ཐུག་བྱུང་བ་མ་ཟད། མོ་ཊ་ཡང་གཏོར་སྐྱོན་བཏང་བ་དང༌། ཡང་ཟླ་བ་དེ་གའི་ནང་ཉེན་རྟོག་པས་རྒྱ་ལམ་ཐོག་ཕན་ཚུར་བསྐྱོད་དེ་ཚོང་རྩག་རྩིག་ཚོང་མཁན་གྱི་སྐྱེས་པ་ཞིག་བསད་པ་དང་དེའི་བཟའ་ཟླར་ཕྲུ་གུ་སྐྱེས་རྒྱུ་ཡོད་པ་དེ་ཉེན་རྟོག་པས་བདག་ཉར་བྱས་པའི་གནས་ཚུལ་ཞིག་ཁྱབ་སྤེལ་ཕྱིན་པའི་རྗེས། མི་དམངས་ཀྱིས་ངོ་རྒོལ་གྱི་ཟིང་ཆ་ལངས་ཡོད་པ་རེད།།