རྒྱ་ནག་གི་དཔལ་འབྱོར་བསྐྱར་གསོའི་གནས་བབ་སྐོར།
2009.06.15
༄༅༎རྒྱ་ནག་གི་སྲིད་བློན་ལྦན་ཇའི་པའོ་མཆོག་གིས་ཡུལ་གྱི་དཔལ་འབྱོར་བསྐྱར་གསོའི་གནས་བབ་དེ་སྲ་བརྟན་ཞིག་ཆགས་མེད་པ་དང་དཔལ་འབྱོར་བསྐྱར་གསོ་ཡོང་རྒྱུར་གཞུང་ཕྱོགས་ཀྱི་དངུལ་གྲོན་གཏོང་རྒྱུ་དེར་འགྱུར་བ་གཏོང་སྲིད་སྐོར་གསུངས་འདུག
རྒྱ་ནག་གི་ཉིན་རེའི་གསར་ཤོག་ཅེས་པས་སྲིད་བློན་ལྦན་གྱི་བཀའ་མོལ་དེ་ལུང་འདྲེན་གནང་ནས་ཡུལ་ནང་ལས་མེད་མི་འབོར་དེ་མང་བ་དང་ཕྱིར་ཚོང་དེ་ཉུང་དུ་ཕྱིན་པ་ཚོང་བསྒྱུར་བྱེད་རྒྱུའི་བཅའ་དངོས་དེ་འབོར་ཆེ་དྲག་པ་དང་གཞུང་ལ་ཡོང་སྒོའི་ཁྲལ་དངུལ་དེ་ཆུང་དུ་འགྲོ་བཞིན་ཡོད་སྐོར་གནས་ཚུལ་བཀོད་ཡོད་པ་རེད། ཡང་གསར་ཤོག་དེས་ལྦན་གྱི་གསུངས་པ་ལུང་འདྲེན་གནང་བའི་ནང་རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་སྟངས་དེ་གསལ་པོ་མེད་པ་དང་ཕྱི་ཚོང་བཅའ་དངོས་ཉོ་མཁན་དེ་ཉུང་དུ་འགྲོ་བཞིན་པའི་རྐྱེན་གྱིས་ང་ཚོའི་ཡུལ་གྱི་དཔལ་འབྱོར་དེ་སྲ་བརྟན་ཞིག་ཆགས་མེད་སྐོར་གསུངས་པ་ལུང་འདྲེན་གནང་འདུག ཡང་སྲིད་བློན་ལྦན་ཡིས་གཞུང་ཕྱོགས་ཀྱིས་ཡུལ་གྱི་དཔལ་འབྱོར་བསྐྱར་གསོ་གནང་རྒྱུའི་ཆེད་གཞུང་གྲོན་ཨ་རིའི་ཌོ་ལར་འཐེར་འབུམ་༥༨༠འཆར་གཞི་དེར་འགྱུར་བ་གཏོང་གནང་རྒྱུ་ཡིན་སྐོར་གསུངས་འདུག གོང་ཞུས་ཁོང་གི་བཀའ་མོལ་དེ་ཁོང་རྒྱ་ནག་དབུས་ཕྱོགས་ཞིང་ཆེན་ཧུ་ནན་ནང་གཟིགས་བསྐོར་ཕེབས་སྐབས་གསུངས་པ་ཞིག་ཡིན་པ་དང་རྒྱ་ནག་ནས་ཕྱི་ཕྱོགས་ཚོང་བསྒྱུར་ནས་ཡོང་སྒོ་དེ་ཟླ་ངོ་བདུན་རིང་ཉུང་དུ་ཕྱིན་པའི་རྩིས་ཐོ་ཐོན་ནས་བྱུང་བ་ཞིག་ཡིན་པ་རེད། ཡིན་ནའང་རྒྱ་ནག་གཞུང་ཕྱོགས་ནས་ཡུལ་གྱི་དཔལ་འབྱོར་འཕེལ་ཐབས་ཆེད་གཞུང་དངུལ་ཕོན་ཆེ་བཏང་བའི་རྐྱེན་གྱིས་ཡུལ་གིས་བཟོ་བསྐྲུན་བྱས་པའི་དངོས་ཟོག་དང་ཚོང་བསྒྱུར་བྱས་པའི་དངོས་ཟོག་གི་ཐོན་ཚད་དེ་མང་དུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་བཞག།