རྒྱ་ནག་གིས་ཨ་རིར་འཁོན་ལན་སློག་ཆེད་ཁེ་གཉེར་ལས་ཁང་ཁག་ཅིག་ལ་ཉེས་ཆད་འགེལ་རྒྱུ་ཡིན་ཟེར།
2020.10.26
ཨ་རིས་ཐེ་ཝན་ལ་གོ་མཚོན་བཙོང་རྒྱུ་ཐག་གཅོད་བྱས་པར་རྒྱ་ནག་གིས་འཁོན་ལན་སློག་ཆེད་ཨ་རིའི་ཁེ་གཉེར་ལས་ཁང་ཁག་ཅིག་ལ་ཉེས་ཆད་འགེལ་རྒྱུ་ཡིན་པ་བསྒྲགས་འདུག
རྒྱ་ནག་གིས་ཨ་རིའི་གནམ་གྲུ་བཟོ་ལས་ཁེ་གཉེར་ལས་ཁང་དང་། གཞན་ཡང་བདེ་སྲུང་གོ་མཚོན་བཟོ་ལས་ཁེ་གཉེར་ལས་ཁང་(Lockheed Martin)དང་། (Boeing Defense)དེ་བཞིན་(Raytheon)སོགས་ལ་དཔལ་འབྱོར་གྱི་ཉེས་ཆད་འགེལ་རྒྱུ་ཡིན་པ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Zhao Lijian)གྱིས་གཟའ་ཟླ་བའི་ཉིན་པེ་ཅིང་དུ་གསར་འགོད་པར་བརྗོད་འདུག རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་འདི་ནི་ཉེ་ཆར་ཨ་རིས་ཐེ་ཝན་ལ་གོ་མཚོན་ཚོང་བསྒྱུར་བྱ་རྒྱུའི་ཐག་གཅོད་དང་འབྲེལ་བ་ཡོད་ལུགས་དང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཐེ་ཝན་ལ་ཚོར་ཤེས་འཕྲུལ་ཆས་དང་། མེ་ཤུགས་འཕུར་མདའ། དེ་བཞིན་མེ་སྒྱོགས་སོགས་ཁྱོན་བསྡོམས་ཨ་སྒོར་ཐེར་འབུམ་གཅིག་དང་ས་ཡ་བརྒྱད་བརྒྱ་གནས་པའི་དེང་དུས་ཅན་གྱི་མཚོན་ཆ་སྣ་ཁ་མི་འདྲ་བ་གསུམ་ཚོང་བསྒྱུར་མོས་མཐུན་བྱུང་ཡོད་པ། ཨ་རིའི་དམག་དོན་ལྷན་ཁང་གིས་གཟའ་འཁོར་སྔོན་མའི་ནང་གསལ་བསྒྲགས་བྱས་ཡོད་པ་རེད།
རྒྱ་ནག་གི་ཕྱོགས་ནས་ཐེ་ཝན་ནི་རྒྱ་ནག་གི་ཞིང་ཆེན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ཅིང་། ཞི་དྲག་གང་གི་ཐོག་ནས་ཐེ་ཝན་རྒྱ་ནག་སྐམ་ས་ཆེན་པོ་དང་གཅིག་སྒྲིལ་བྱ་རྒྱུ་ཡིན་ལུགས་བརྗོད་བཞིན་ཡོད་པ་རེད།
ཨ་རི་དང་ཐེ་ཝན་དབར་གཞུང་འབྲེལ་འབྲེལ་ལམ་མེད་ནའང་། ཨ་རིས་ཐེ་ཝན་སྲུང་སྐྱོབ་ཐད་ལ་འགན་དབང་ཡོད་པ་ཨ་རིས་ཁྲིམས་ཀྱི་ཐོག་ནས་གཏན་འབེབས་བྱས་ཡོད་པ་རེད།