རྒྱ་རིགས་མང་གཙོ་དོན་གཉེར་བ་ཧུ་ཇའི་སྐོར་གནས་ཚུལ།
2008.09.25
༄༅༎རྒྱ་རིགས་མང་གཙོ་དོན་གཉེར་བ་ཧུ་ཇའེ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་དམིགས་ནང་འཇོག་རྒྱུར་རྒྱ་ནག་གཞུང་ནས་སྐྱོན་བརྗོད་བྱས་ཡོད་འདུག
ཕྱི་ལོ་༢༠༠༨ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་འོས་དམིགས་ཁོངས་སུ་རྒྱ་རིགས་མང་གཙོ་དང༌། ཁོར་ཡུག། ཨེཛ་ནད་གཞི་བཅས་ཀྱི་གནད་དོན་ཐོག་འཐབ་རྩོད་གནང་མཁན་སྐུ་ཞབས་ཧུ་ཇའེ་ཡང་ཡོད་པར་བརྟེན་དེ་རིང་ཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལིའུ་ཅན་ཁྲའོར་འདྲི་བ་བྱས་པའི་སྐབས་སྐོང་གིས། ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་ནས་གཟེངས་རྟགས་འདི་བཞིན་འཛམ་གླིང་ནང་ཞི་བདི་བསྐྲུན་མཁན་གྱི་འོས་ཤིང་འཚམས་པའི་མི་སྣ་ཞིག་ལ་འབུལ་རྒྱུའི་རེ་བ་ཡོད་མ་གཏོགས་རྒྱ་མི་རིགས་ཚོའི་སེམས་ལ་དོ་ཕོག་འགྲོ་གཞིའི་རིགས་མ་གནང་བའི་རེ་བ་ཡོད་ཅེས་ལན་འདེབས་བྱས་པ་དང་ཆབས་ཅིག་གནས་ཚུལ་འདི་རིགས་ཤེས་རྟོགས་མེད་པའི་རྣམ་པ་བསྟན་ཡོད་པ་རེད།
འོན་ཀྱང་ཨོ་སོ་ལོ་རྒྱལ་སྤྱིའི་ཞི་བདེའི་ཉམས་ཞིབ་ལས་དོན་ཚན་པའི་འགོ་འཛིན་སྐུ་ཞབས་སེ་ཀྲེན་ཀྲོ་ནེ་སན་མཆོག་དང༌། ཨོ་སོ་ལོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་མདྲ་ལེ་རི་རྣམ་གཉིས་ནས་ལོ་འདིའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འདི་བཞིན་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཞིག་ལ་འབུལ་དགོས་ངེས་ཤིག་ཆགས་ཀྱི་ཡོད་རེད་ཅེས་འགྲེལ་བརྗོད་གནང་འདུག
འོས་དམིགས་ཁོངས་སུ་ཡོད་པའི་རྒྱ་རིགས་སྐུ་ཞབས་ཧུ་ཇའེ་མཆོག་ནི་དགུང་གྲངས་སུམ་ཅུ་སོ་ལྔ་ཡིན་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་ཞིག་ཡིན་པ་དང༌། ཁོང་དང་ཁོང་གི་བཟའ་ཟླ་གཉིས་ནས་ལོ་ཤས་གོང་ནས་རྒྱ་ནག་ནང་མང་གཙོ་དང་ལྷག་པར་དུ་ཁོར་ཡུག། ཚབས་ཆེའི་ཨེཛ་ནད་གཞི་འགོག་ཐབས་དང་ནད་པ་ཚོར་སྨན་བཅོས་མཐུན་རྐྱེན་ཆ་ཚང་རག་ཐབས་སོགས་ལ་འབད་བརྩོན་མུ་མཐུད་གནང་བ་སོགས་ཀྱིས་ཁོང་ལ་རྒྱ་ནག་གཞུང་ནས་ལོ་འདིའི་འགོ་སྟོད་ནས་བཟུང་གཞུང་མགོ་རྟིང་སློག་རྒྱུའི་ངན་ཇུས་བཤམས་ཀྱི་ཡོད་ལུགས་ཉེས་བཙུགས་འོག་འཛིན་བཟུང་གིས་ལོ་གསུམ་དང་ཕྱེད་ཀའི་བཙོན་བཅུག་ཉེས་ཆད་བཏང་ནས་ད་ལྟ་བཙོན་ཁང་ནང་ཡོད་བཞིན་པ་རེད།