བོད་མི་ཚོས་ཞུ་གཏུག་དང་ངོ་རྒོལ་བྱས་མིན་ལ་མ་ལྟོས་པར་རྒྱ་ནག་གཞུང་གིས་བོད་ཀྱི་གྲོང་ཚོ་ཞིག་གད་སྙིགས་སྤུངས་ཡུལ་བཟོ་བཞིན་ཡོད་འདུག
རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ལྷ་རྩེ་རྫོང་གཞིས་ཆེན་ཡུལ་ཚོའི་སྒང་བཞི་གྲོང་ཚོའི་རྩྭ་རའི་ནང་དུ་རྫོང་ཐོག་གི་གད་སྙིགས་རྣམས་དབོར་འདྲེན་གྱིས། གད་སྙིགས་སྤུངས་གསོག་ཆེན་པོ་བྱས་པར་བརྟེན་ས་གནས་མི་མང་ལ་ཁོར་ཡུག་འབག་བཙོག་དང་སྒོ་ཟོག་སེམས་ཅན་ལ་འཆི་སྐྱོན་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། ས་གནས་བོད་མི་ཚོས་སྲིད་གཞུང་ལ་གད་སྙིགས་གྲོང་ཚོའི་ཉེ་འདབ་རྩྭ་རའི་ནང་མི་གཡུག་པའི་ཞུ་གཏུག་བྱས་ཡོད་ན་ཡང་། ས་གནས་སྲིད་གཞུང་གིས་ཡུལ་མི་ཚོར་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་འགོག་རྐྱེན་བཟོས་ན་ཉེས་ཆད་གཅོད་རྒྱུ་ཡིན་པའི་འཇིགས་སྐུལ་འོག་མི་མང་ལ་ཡ་ལན་གང་ཡང་བྱེད་ཀྱི་མེད་པ། བོད་ཕྱི་ནང་གཉིས་ཀྱི་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་བོད་མི་དེས་མུ་མཐུད་བརྗོད་དོན་ལ། གད་སྙིགས་སྤུངས་ཡུལ་ས་གནས་དེ་དེ་སྔ་གྲོང་ཚོའི་ཕྱུག་འཚོ་སྐྱོང་བྱེད་ཡུལ་རྩྭ་ར་ཡིན་པ་དང་། རྗེས་སུ་དེ་ཁུལ་གྱི་ཡུལ་མི་ཚོ་གྲོང་ལ་བཙན་ཐབས་ཀྱིས་ཕབ་སྟེ་ས་ཆ་དེ་སྟོང་བར་ལྷག་པ་དང་འབྲེལ་རྫོང་ཐོག་གི་གད་སྙིགས་སྤུངས་ཡུལ་བྱེད་བཞིན་ཡོད་པ་དང་། གད་སྙིགས་གཙོ་བོ་ལྷ་རྩེ་རྫོང་ཐོག་གི་དུས་ཚོད་ཡོལ་བའི་ཟས་རིགས་དང་འགྱིག་རིགས་གད་སྙིགས་སོགས་ཡིན་འདུག་ལ། ཉི་མ་ཚ་དྲོད་བྱུང་བའི་སྐབས་སུ་ཉེ་འཁོར་དུ་གནས་སྡོད་བྱེད་མཁན་མི་དང་སེམས་ཅན་ཚང་མར་དཀའ་ངལ་དང་འཕྲད་བཞིན་ཡོད་པ་དང་། བདུན་ཕྲག་གཅིག་ཙམ་ནང་གད་སྙིགས་རི་བཞིན་སྤུངས་ཡོད་པ་དེ་ས་སྔོག་འཕྲུལ་ཆས་ཀྱིས་སྙོམས་པོ་བཟོ་ཡི་ཡོད་པ་དང་། འདས་པའི་ཟླ་བ་༦་རིང་ཡུལ་མི་ཚོས་གད་སྙིགས་མི་སྤུངས་རྒྱུའི་ཞུ་སྐུལ་བྱས་ཀྱང་ཡ་ལན་གང་ཡང་མེད་སྐོར་བརྗོད་བྱུང་།
རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༨ལོར་བོད་ནང་གི་ཁོར་ཡུག་སྐོར་ལ་རྒྱབ་ཤ་དཀར་པོའི་དེབ་ཞེས་པ་ཞིག་བཏོན་ཏེ། བོད་ཀྱི་ཁོར་ཡུག་གི་གནས་བབ་ཡག་པོ་ཡོད་པ་སོགས་བཀོད་ཡོད་ན་ཡང་། ལོ་རེ་བཞིན་བོད་ནང་གད་སྙིགས་ཀྱིས་དཀའ་ངལ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པས། བོད་ཀྱི་ཁོར་ཡུག་སྟེང་ཉམས་ཞིབ་གནང་མཁན་ཚོས་རྒྱ་ནག་གཞུང་གིས་བོད་མཐོ་སྒང་དུ་གད་སྙིགས་འབོར་ཆེན་གསོག་ཉར་བྱེད་བཞིན་པ་དེས། བོད་ཀྱི་ཁོར་ཡུག་སྤྱིའི་གནས་བབ་ལ་གནོད་སྐྱོན་བྱུང་གི་ཡོད་པ་དང་། གནད་དོན་དེའི་མ་འོངས་པར་བོད་མཐོ་སྒང་གི་ཁོར་ཡུག་ཐོག་འགྱུར་ལྡོག་ཕྲན་བུ་ཞིག་བྱུང་ཡང་དེའི་ཤུགས་རྐྱེན་བོད་ཙམ་མ་ཟད། རྒྱ་ནག་དང་དེ་བཞིན་འཛམ་གླིང་ཁྱོན་ཡོངས་ལ་ཉེན་ཚབས་ཆེན་པོ་བཟོ་བཞིར་གྱུར་ཡོད་པ་ཁོར་ཡུག་ཉམས་ཞིབ་པ་ཚོས་ངོས་འཛིན་གནང་གི་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།