རིག་དངོས་དང་གནའ་ཤུལ་བརྒྱུད་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་བཤད་བཞིན་པ་དེས་བོད་ཀྱི་ལོ་རྒྱུས་ལ་གཏོར་བཤིག་གཏོང་བཞིན་ཡོད་པ། ཉམས་ཞིབ་པས་བརྗོད་སོང་།

ཟླ་འདིའི་ཕྱི་ཚེས་༡༠ཉིན་རྒྱ་ནག་གཞུང་གིས་བོད་ཀྱི་ཕོ་བྲང་པོ་ཏྭ་ལའི་ནང་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་རྒྱ་ནག་གི་ཝུན་ཤིང་ཀོང་ཇོ་གཉིས་ཀྱི་ལྡེབ་རིས་ཤིག་ཡོད་པ་དེས། བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་མཚོན་རྟགས་ཡིན་སྐོར་བཤད་ཡོད་པ་མ་ཟད། བསམ་ཡས་གཙུག་ལག་ཁང་གི་བཟོ་བཀོད་དེ་རྒྱ་ནག་གི་དར་ཁྱབ་ཆེ་བའི་ཡོན་རྒྱལ་རབས་ཀྱི་རིག་གནས་བཟོ་བཀོད་བེད་སྤྱོད་བཏང་བ་སོགས་སྐབས་དེར་རྒྱ་ནག་གི་རིག་གནས་ཀྱིས་ཤུགས་རྐྱེན་ཡོད་སྐོར་བཀོད་ཡོད་ཀྱང་། བཞུགས་སྒར་དུ་གནས་བཞུགས་ཕོ་བྲང་པོ་ཏ་ལའི་ལོ་རྒྱུས་དཀར་ཆག་མཛད་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་ནས།སྐབས་དེར་བསམ་ཡས་གཙུག་ལག་ཁང་གི་ཐོག་ཁང་གཉིས་པ་དེ་རྒྱ་ལུགས་ཀྱི་བཟོ་བཀོད་ཀྱིས་འཛུགས་སྐྲུན་བྱས་པ་དེ་རིག་གནས་ཤིག་གི་ངོ་བོའི་ཐོག་ནས་བོད་དང་རྒྱ་གར་རྒྱ་ནག་གསུམ་གྱི་བཟོ་བཀོད་ཀྱིས་འཛུགས་སྐྲུན་བྱས་པ་ལས། བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ཞིག་གི་ངོས་ནས་མིན་པ་ལོ་རྒྱུས་ཁག་ཏུ་གསལ་བོ་བཀོད་ཡོད་སྐོར་གསུངས་སོང་།
ཉེ་བའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་གཙོའི་ས་ཁུལ་མང་པོའི་ནང་གནའ་ཤུལ་དང་རིག་དངོས་མང་པོ་ཞིག་སྔོགས་འདོན་བྱས་ཏེ། རིག་དངོས་དེ་དག་བརྒྱུད་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་དྲིལ་བསྒྲགས་ཤུགས་ཆེན་བྱེད་བཞིན་པ་དང་། ཡང་ནོར་གླིང་བོད་ཀྱི་མཐོ་སློབ་ཀྱི་སློབ་སྤྱི་སྨན་ཤེར་བློ་གྲོས་ལགས་ནས་སྐབས་དེར་བསམ་ཡས་གཙུག་ལག་ཁང་དེ་ཨེ་ཤི་ཡའི་རིག་གནས་ཀྱི་གདན་ས་ཞིག་ཆགས་ཀྱི་ཡོད་སྟབས། སྐད་ཡིག་དང་བཟོ་བཀོད་སོགས་རྒྱ་ཆེན་པོ་ཡིན་པ་དང་། སྐབས་དེར་བསམ་ཡས་གཙུག་ལག་ཁང་དུ་སྐད་ཡིག་༤༠ལྷག་ཡོད་པ་མ་ཟད། རྒྱ་ནག་གི་བཟོ་བཀོད་ཡོད་པ་དེ་བསམ་ཡས་གཙུག་ལག་ཁང་གི་རིག་གནས་ཁྲོད་ཀྱི་ཆ་ཤས་ཙམ་གྱི་མཚོན་དོན་ལས་གཞན་གང་ཡང་མིན་སྐོར་གསུངས་སོང་།
རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་དང་རིག་དངོས་ཁག་རྒྱ་ནག་གི་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བ་ཡོད་པ་དང་། འདི་ལོ་རྒྱ་ནག་གིས་བོད་ཀྱི་རིག་དངོས་དྲིལ་བསྒྲགས་ཆེད་མ་དངུལ་ཤུགས་ཆེར་བཏང་ཡོད་པ་མ་ཟད། ཉེ་སྔོན་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཝང་ཅན་ཀྲུང་ཟེར་བ་ལྷ་སའི་འབྲས་སྤུངས་དགོན་པར་ལྟ་སྐོར་བྱེད་སྐབས། དགོན་པ་ཁག་གིས་བོད་ཀྱི་ལོ་རྒྱུས་དང་རིག་དངོས་དེ་དག་རྒྱ་ནག་ཁྱད་ཆོས་ལྡན་པའི་ངོས་ནས་དྲིལ་བསྒྲགས་དང་འབད་བརྩོན་དགོས་པ་སོགས་བཤད་ཡོད་པ་རེད་ལ། ཐུབ་བསྟན་ཡར་འཕེལ་ལགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་རིག་དངོས་འཁྱོག་བརྗོད་ཀྱིས་དྲིལ་བསྒྲགས་བྱེད་བཞིན་པ་དེ་ཉེན་ཁ་ཞིག་ཡིན་སྟབས། བོད་མི་ཚོས་བོད་ཀྱི་དོན་དངོས་ལོ་རྒྱུས་གཞི་ལ་བཞག་ནས་གནད་དོན་དེ་རིགས་ལ་ཁ་ཐུག་གིས་ལན་འདེབས་དགོས་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།
ཡང་རྒྱ་ནག་གཞུང་འབྲེལ་གྱིས་སྤེལ་བའི་གནས་ཚུལ་དེའི་ནང་པོ་ཏ་ལའི་ནང་དུ་ཡོད་པའི་ལྡེབ་རིས་ངོས་སུ་སྐབས་དེའི་བོད་ཀྱི་ས་གནས་གཞུང་འབྲེལ་མི་སྣ་ཚོས། བསྟར་ཕྲེང་བསྒྲིགས་ཏེ་ལག་པ་བྲང་ལ་བཞག་ནས་རྒྱ་ནག་གི་ཐང་གི་སྲས་མོ་རྒྱ་བཟའ་ཀོང་ཇོར་ཕེབས་བསུ་ཞུ་བཞིན་པའི་རྣམ་པ་ཡོད་སྐོར་སོགས་བཀོད་ཡོད་ན་ཡང་། སྨན་ཤེར་བློ་གྲོས་ལགས་ནས་རྒྱ་བཟའ་ཀོང་ཇོ་བོད་ལ་ཡོང་སྟངས་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཞིག་གི་ངོ་བོའི་ཐོག་ནས་ཡོང་བ་མ་ཟད། སྐབས་དེར་བོད་དང་ཐང་གི་བར་དམག་འཁྲུག་ཆེན་པོ་བརྒྱབ་བཞིན་ཡོད་པས། རྒྱལ་ཁབ་ཆེན་པོ་གཉིས་ཀྱི་དམག་འཁྲུག་ཞི་ཐབས་དེ་ཁྱོད་ཤི་ང་གསོན་གྱིས་ཡོང་ཐབས་མེད་པས། གཉེན་འབྲེལ་གྱི་ཐབས་ལམ་ཞིག་གི་ངོས་ནས་རྒྱ་བཟའ་བོད་ལ་ཡོང་བ་ལས་རྒྱ་ནག་གི་མངའ་ཁུལ་གྱི་ས་གནས་ཤིག་གི་ངོས་ནས་ཡོང་བ་མིན་སྐོར་གསུངས་སོང་།
རྒྱ་ནག་གིས་བོད་ཀྱི་རིག་དངོས་བརྒྱུད་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་དྲིལ་བསྒྲགས་ཤུགས་ཆེན་བྱེད་བཞིན་པ་མ་ཟད། འདི་ལོའི་ཕྱི་ཟླ་༡པོའི་ནང་ཉིན་གྲངས་༣རིང་ལྷ་ས་གྲོང་ཁྱེར་མི་མང་སྲིད་གཞུང་ཟེར་བ་དང་། མངའ་རིས་ས་ཁུལ་སྲིད་འཛིན་ལས་ཁུངས་ཟེར་བ་གཉིས་ཀྱི་གོ་སྒྲིག་འོག། ལྷ་ས་གྲོང་ཁྱེར་ནང་སྐབས་གཉིས་པའི་མངའ་རིས་ཞང་ཞུང་རིག་གནས་རིག་གཞུང་དཔྱད་གླེང་ཟེར་ཞིག་ཚོགས་ཏེ། ཞང་ཞུང་རིག་གནས་དང་དཔལ་ཡོན་དེ་རྒྱ་ནག་གི་བརྒྱུད་ལམ་གཅིག་དང་འབྲེལ་བ་ཡོད་སྐོར་དང་། ཞང་ཞུང་རིག་གནས་དེ་རྒྱ་ནག་གི་གནའ་སྔ་མོའི་ཤེས་རིག་དང་རིག་གནས་དེ་རྒྱ་ནག་གི་རིག་གནས་ཁྲོད་ཀྱི་གཅིག་ཡིན་པ་སོགས་ཀྱི་གཏམ་བཤད་དྲིལ་བསྒྲགས་བྱེད་བཅུག་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།