ཨ་མི་རི་ཀ་དང་རྒྱ་ནག་བར་གྱི་ཚོང་དམག
2019.01.14
རེས་གཟའ་ཟླ་བའི་ཉིན་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནང་མ་རྐང་ཁྲོམ་ར་མར་ཆགས་པར་མ་ཟད། རྒྱ་ནག་གི་དཔལ་འབྱོར་གྱི་བསྡོམས་ཐོ་ཁག་ཡག་པོ་མེད་པའི་གནས་ཚུལ་བྱུང་ཡོད་འདུག འདས་པའི་བདུན་ཕྲག་དེའི་ནང་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནང་གི་མ་ཤེར་རིན་གོང་ཉིན་དྲུག་རིང་གཏུད་མར་ཆགས་པའི་རྐྱེན་གྱིས་ཚོང་པ་རྣམས་ཀྱིས་ཁེ་བཟང་ཡོང་ཆེད་མ་ཤེར་མང་དག་ཚོང་འགྲེམས་བྱེད་པ་དེས་གཙོ་བོ་ཧོང་ཀོང་ནང་གི་མ་ཤེར་རིན་གོང་བརྒྱ་ཆ་གཅིག་དང་གྲངས་ཆུང་བཞི་ཡིས་མར་ཟགས་པ་དང་། ཐེ་ཝན་ནང་བརྒྱ་ཆ་ཕྱེད་ཀ་དང་། མ་ལེ་ཤི་ཡའི་ནང་གྲངས་ཆུང་དགུ་དང་། རྒྱ་གར་ནང་གྲངས་ཆུང་བརྒྱད་མར་ཟགས་ཡོད་འདུག གོང་ཞུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནང་མ་ཤེར་རིན་གོང་མར་ཆགས་པའི་གནས་ཚུལ་དེ་བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་ཨ་མི་རི་ཀའི་ནང་གི་མ་ཤེར་རིན་གོང་མར་ཆགས་པའི་གནས་ཚུལ་དང་། ད་ལྟ་ཨ་མི་རི་ཀ་དང་རྒྱ་ནག་བར་ཚོང་དམག་དེའི་གནས་དོན་མ་སེལ་མ་ཐུབ་པའི་རྐྱེན་ཡང་ཡིན་འདུག དེར་མ་ཟད་ད་ལྟ་ཨ་མི་རི་ཀ་དང་རྒྱ་ནག་བར་གྱི་ཚོང་དམག་དེས་རྒྱ་ནག་གི་དཔལ་འབྱོར་ཐོག་གནོད་སྐྱོན་ཐེབས་ཀྱི་ཡོད་པའི་རྟགས་མཚན་དུ་རེས་གཟའ་ཟླ་བའི་ཉིན་འདས་པའི་ཟླ་བ་དེར་རྒྱ་ནག་གིས་དངོས་ཟོག་ནང་འདྲེན་དང་ཕྱི་ཚོང་གི་བསྡོམས་ཐོ་ཁག་མར་ཆགས་པའི་གནས་ཚུལ་གསལ་ཐོན་བྱུང་ཡོད་འདུག འདིའི་ཐད་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཡུལ་ཁག་གི་དཔལ་འབྱོར་ཐོག་དབྱེ་ཞིབ་གནང་མཁན་གྱི་ཚན་པ་ OANDA ཞེས་པ་དེའི་འགན་འཛིན་སྐུ་ཞབས་Stephen Innes ཡིས། རྒྱ་ནག་གི་ཕྱི་ལོ་ ༢༠༡༨ ལོའི་ཚོང་འབྲེལ་གྱི་བསྡོམས་ཐོ་ཁག་རེ་བ་བྱས་པ་ལས་མར་ཉུང་བ་བྱུང་བའི་གནས་ཚུལ་དང་། ལྷག་པ་དུ་རྒྱ་ནག་གི་ཕྱི་ཟླ་ ༡༢ ནང་གི་དཔལ་འབྱོར་གྱི་བསྡོམས་ཐོ་ཁག་ཡག་པོ་མེད་པ་དེས་རྒྱལ་ཁབ་དེའི་ནང་གི་མ་ཤེར་གྱི་རིན་གོང་ཁག་མར་ཆགས་པའི་གནས་སྟངས་བཟོས་ཡོད་པ་རེད་ཅེས་གསུངས་འདུག དེར་མ་ཟད་ཨ་མི་རི་ཀའི་གཞུང་སྒོ་བརྒྱབ་པ་དེའི་རྐྱེན་དང་། དབྱིན་ཇིའི་རྒྱལ་ཁབ་ཡོ་རོབ་སྤྱི་མཐུན་ནས་ཕྱིར་ཐོན་དཀའ་རྙོག་ཅན་གྱི་ཐག་གཅོད་དེ་བདུན་འདིའི་ནང་གནང་གི་ཡོད་པའི་རྐྱེན་སོགས་ལས་འཛམ་གླིང་ནང་གི་དཔལ་འབྱོར་ཐོག་དཀའ་རྙོག་བཟོ་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
གསར་འགོད་པ་ལྷུན་འགྲུབ།