རྒྱ་གཞུང་གིས་བོད་བཅིངས་བཀྲོལ་བཏང་བའི་དུས་དྲན་སྲུང་བརྩི།
2009.01.11
༄༅༎རྒྱ་ནག་གཞུང་གིས་འདི་ལོ་ནི་བོད་ཞི་བས་བཅིངས་བཀྲོལ་བཏང་ནས་མི་ལོ་ལྔ་ཅུ་འཁོར་བའི་མཛད་སྒོ་ཚོགས་རྒྱུའི་འཆར་གཞི་དྲིལ་བསྒྲགས་བྱེད་བཞིན་ཡོད་ཀྱང་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་རྒྱ་ནག་གཞུང་གི་བྱ་སྤྱོད་དེ་ནི་བོད་མི་ཚོས་རྒྱ་ནག་གུང་ཁྲན་ཏང་གི་སྲིད་དབང་འོག་དཀའ་སྡུག་མྱོང་བཞིན་པའི་རྨ་ཁ་བསྐྱར་དུ་ཆེ་རུ་གཏོང་བའི་སྲིད་ཇུས་ཤིག་དང་ལྷག་པར་དུ་ཉེ་ཆར་ཕྱི་ཟླ་གསུམ་པ་ནས་བོད་ཆོལ་ཁ་གསུམ་ནང་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐབས་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཏེ་བོད་མི་མང་པོ་ཞིག་དམར་གསོད་བཏང་བའི་བྱ་སྤྱོད་རྣམས་བོད་མི་ཚོས་བརྗེད་ཐབས་མེད་པར་གནས་བཞིན་ཡོད་པའི་སྐོར་གསུངས་ཡོད་པ་རེད།
ཡིན་ནའང་རྒྱ་ནག་གཞུང་ཕྱོགས་ནས་བོད་ལ་ཞི་བའི་བཅིངས་བཀྲོལ་བཏང་སྟེ་ཡར་ལངས་ཞིང་བྲན་རྣམས་ས་ཞིང་གི་བདག་པོ་གྱུར་བ་དང་ཞིང་བྲན་ས་ཡ་མང་པོ་རང་དབང་ཐོབ་སྟེ་བོད་ཀྱི་སྤྱི་ཚོགས་རྙིང་པའི་ཞིང་བྲན་ལམ་ལུགས་མེད་པ་བཟོས་པ་ཡིན་ཟེར་འགྲེལ་བརྗོད་བྱས་ཏེ་བོད་ཞི་བས་བཅིངས་བགྲོལ་བཏང་ནས་མི་ལོ་ལྔ་ཅུ་ཟེར་བའི་དུས་དྲན་སྲུང་བརྩི་ཞུ་ཕྱོགས་ཐད་ཀྱི་གྲོས་གཞི་དེར་གཟའ་འཁོར་འདིའི་རེས་གཟའ་ལྷག་པ་ཉིན་བོད་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་དགུ་པའི་འདི་ལོའི་ཚོགས་དུས་གཉིས་པའི་སྐབས་ཐག་གཅོད་བྱ་རྒྱུ་ཡིན་པ་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད། བོད་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་སྤྱི་ཁྱབ་དྲུང་ཆེ་གཟོན་པ་ཕང་པོ་ཡུང་གིས་བོད་ཞི་བས་བཅིངས་བཀྲོལ་བཏང་ནས་མི་ལོ་ལྔ་ཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་དེ་ནི་བོད་མི་རིགས་གཙོས་པའི་རྒྱ་མི་རིགས་ཚོར་རྒྱ་ནག་གུང་ཁྲན་ཏང་གིས་བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་བའི་ལོ་རྒྱུས་ཀྱི་དྲན་སྐུལ་བྱ་རྒྱུའི་དམིགས་ཡུལ་ཡིན་པ་འགྲེལ་བརྗོད་བྱས་ཡོད་ཅིང་ཡིན་ནའང་ཨེ་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་དེའི་ཐད་ལ་བོད་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་ཀྱང་ལན་འདེབས་གང་ཡང་བྱས་མེད་པ་དང་དེ་བཞིན་ལྷ་ས་གྲོང་ཁྱེར་ནང་གི་དཔོན་རིགས་གཉིས་ལ་བཀའ་འདྲི་ཞུས་པའི་སྐབས་གནས་ཚུལ་དེའི་སྐོར་ཤེས་རྟོགས་གང་ཡང་མེད་པའི་ལན་འདེབས་བྱས་ཡོད་པ་རེད༎