རྒྱ་ནག་ནང་ཨེ་ཛི་གོ་རྟོགས་སྤེལ་རྒྱུའི་རླུང་འཕྲིན་ལས་རིམ་སྐོར།
2010.01.10
༄༅༎རྒྱ་ནག་གཞུང་གིས་མི་རིང་བར་ཨེ་ཛི་འགོས་ནད་སྐོར་ལ་མི་དམངས་ནང་གོ་རྟོགས་སྤེལ་རྒྱུའི་རླུང་འཕྲིན་གྱི་ལས་རིམ་གསར་པ་ཞིག་འགོ་འཛུགས་བྱ་རྒྱུའི་འཆར་གཞི་ཡོད་པའི་སྐོར་དེ་རིང་ཕེ་རིན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།
རྒྱ་ནག་གཞུང་གི་རླུང་འཕྲིན་ལས་ཁང་གཙོ་བོ་ཡིན་པ་རྒྱ་ནག་རྒྱལ་ཡོངས་རླུང་འཕྲིན་ལས་ཁང་གིས་ཨེ་ཛི་འགོས་ནད་སྐོར་ལ་རླུང་འཕྲིན་ལས་རིམ་གསར་པ་ཞིག་གསར་འཛུགས་བྱ་རྒྱུའི་འཆར་གཞི་དེ་ནི། ཉེ་བའི་དུས་ཚོད་དེའི་ནང་འགོས་ནད་དེའི་ཐོག་ལ་རྒྱ་ནག་གཞུང་འབྲེལ་གྱིས་གོ་སྒྲིག་བྱེད་པའི་ལས་རིམ་གསར་པ་ཞིག་ཡིན་པ་དང། དེ་ཡང་གཟའ་འཁོར་རེ་རེའི་ཐོག་ཐེངས་རེར་གོ་སྒྲིག་བྱ་རྒྱུ་ཡིན་ཞིང། ལས་རིམ་དེ་ཕྱི་ཟླ་དང་པོའི་ཚེས་༡༦ནས་དངོས་སུ་འགོ་འཛུགས་བྱ་རྒྱུ་ཡིན་པ་རེད། རྒྱ་ནག་རྒྱལ་ཡོངས་རླུང་འཕྲིན་ལས་ཁང་གི་རྩོམ་བྲིས་འགན་འཛིན་ཡང་ལྦེན་ཡན་གྱིས། རླུང་འཕྲིན་གྱི་ལས་རིམ་གསར་པ་དེ་ནི། མི་དམངས་ཚོར་ཨེ་ཛི་འགོས་ནད་དེའི་ཤེས་བྱ་ཁག་གོ་རྟོགས་སྤེལ་རྒྱུ་དང། སྔོན་འགོག་བྱེད་ཐབས་སོགས་དྲིལ་བསྒྲགས་བྱ་རྒྱུའི་ལག་ཆ་ཞིག་དང། ལྷག་པར་དུ་ལས་རིམ་དེ་འགོ་བཙུགས་པའི་རྗེས་མི་དམངས་ནས་དོ་སྣང་དང་རྒྱབ་སྐྱོར། འདེགས་འཇོག་ཆེན་པོ་ཐོབ་རྒྱུའི་རེ་བ་ཡོད་པའི་སྐོར་བཤད་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༠༧ལོར་ཐེངས་དང་པོ་བརྙན་འཕྲིན་ཐོག་ལ་ཨེ་ཛི་འགོས་ནད་སྔོན་འགོག་བྱ་ཐབས་སྐོར་གྱི་དྲིལ་བསྒྲགས་བྱས་པ་དང། དེ་རྗེས་ཕྱི་ཟླ་༡༡པའི་ནང་རྒྱ་ནག་གི་འཕྲོད་བསྟེན་ལྷན་ཁང་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བཟུང་འབྲེལ་གྱིས་ཨེ་ཛི་འགོས་ནད་ཅན་གྱི་ནད་པར་མཐོང་ཆུང་དང། ཁྱད་གསོད་བྱ་རྒྱུ་མེད་པའི་དྲིལ་བསྒྲགས་ཀྱི་ལས་དོན་སྤེལ་ཡོད་ཅིང། ཨེ་ཛི་འགོས་ནད་ཐོག་ལ་ཞིབ་འཇུག་བྱེད་མཁན་ཚོས། རྒྱ་ནག་ནང་ཨེ་ཛི་འགོས་ནད་ལྟ་བུའི་གལ་ཆེའི་གནད་དོན་ཐོག་ལ་གཞུང་གིས་དོ་སྣང་མ་བྱེད་རང་བྱེད་ཀྱི་གནས་སྟངས་ཞིག་ཏུ་འགྱུར་བཞིན་ཡོད་པའི་སྐོར་གསུང་གི་ཡོད་པ་རེད། རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གིས་ཕྱི་ལོ་༢༠༠༩ལོའི་ལོ་མཇུག་བར་དུ་རྒྱ་ནག་ནང་ཨེ་ཛི་འགོས་ནད་ཀྱི་ནད་འབུ་HIVའགོས་ཁྱབ་ཟིན་པའི་ནད་པ་འབུམ་བདུན་དང་ཁྲི་བཞི་ཡོད་པའི་བསྡོམས་རྩིས་བཏོན་ཡོད་ཀྱང་ཨེ་ཛི་འགོས་ནད་ཞིབ་འཇུག་བྱེད་མཁན་ཚོས། དངོས་ཡོད་གྲངས་ཀ་ནི་རྒྱ་ནག་གཞུང་གིས་བཏོན་པ་དེ་ལས་མང་བ་ཡོད་པའི་ངོས་འཛིན་བྱེད་པ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་མི་དམངས་ས་ཡ་༣༠ནས་༥༠བར་ཨེ་ཛི་འགོས་ནད་ཀྱི་ཉེན་ཁ་ཡོད་པའི་བསྡོམས་རྩིས་གསུང་གི་ཡོད་པ་རེད།