རྒྱ་ནག་གཞུང་གིས་གསར་འགོད་པར་དམ་བསྒྲགས་གསར་པ།
2009.02.13
༄༅༎རྒྱ་ནག་གཞུང་གིས་རྒྱ་ནག་ནང་གི་གསར་འགོད་པ་ཚོར་གསར་འགོད་པའི་ལག་འཁྱེར་སྤྲོད་རྒྱུར་དམ་འཛིན་དང་ཐོ་གཞུང་བཀོད་རྒྱུ།གསར་འགྱུར་འགོད་རྒྱུར་ལྟ་ཞིབ་བྱ་རྒྱུ་སོགས་ཀྱི་ཐབས་ལམ་ཐོག་ནས་གསར་འགོད་པ་ཚོར་གསར་འགྱུར་འགོད་རྒྱུར་དམ་བསྒྲགས་བྱ་རྒྱུ་ཡིན་འདུག
རྒྱ་ནག་གསར་འགྱུར་འགྲེམས་སྤེལ་ཚགས་ཤོག་གིས་རྒྱ་ནག་གསར་འགྱུར་འགྲེམས་སྤེལ་ལས་ཁང་གི་འགན་འཛིན་ལིའི་ཏུང་ཏུང་གི་སྐད་ཆ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་ཡོད་པའི་ནང་རྒྱ་ནག་གི་གསར་འགྱུར་འགྲེམས་སྤེལ་ལས་ཁང་གིས་ཕྱི་ལོ་ཉིས་སྟོང་དགུ་ལོའི་གསར་འགོད་པའི་གཏན་འབེབས་སྒྲིག་གཞི་ཕྱིར་བསྒྲགས་བྱེད་འཆར་ཡོད་པའི་ནང་གསར་འགྱུར་ལས་རིགས་ཀྱི་མི་སྣ་ཚོར་གསར་འགྱུར་འགོད་རྒྱུའི་ལས་དོན་ཐོག་ལྟ་ཞིབ་བྱ་རྒྱུར་དམ་འཛིན་བྱ་རྒྱུ་ཡིན་པ་དང་དམ་འཛིན་གྱི་སྒྲིག་གཞིའི་ནང་གསར་འགྱུར་ལས་རིགས་ཀྱི་མི་སྣ་ཚོར་ལས་རིགས་ཀྱི་ཚད་གཞི་ལྡན་མིན་གྱི་ཡིག་རྒྱུགས་ལེན་རྒྱུ་དང་གསར་འགོད་པ་ཚོར་གསར་འགོད་པའི་ལག་འཁྱེར་སྤྲོད་རྒྱུར་སྟངས་འཛིན་བྱ་རྒྱུ་དེ་བཞིན་གསར་འགོད་ལས་རིགས་ཁྲོད་གསར་འགོད་པ་མི་ལེགས་པའི་ཐོ་གཞུང་འགོད་ས་གསར་འཛུགས་བྱ་རྒྱུ་སོགས་གཏན་འབེབས་འཁོད་ཡོད་པ་རེད། རྒྱ་ནག་གསར་འགྱུར་འགྲེམས་སྤེལ་ལས་ཁང་གི་དཔོན་རིགས་ལིའི་ཏུང་ཏུང་གིས་བརྗོད་ན་གལ་སྲིད་གསར་འགྱུར་ལས་རིགས་ཀྱི་མི་སྣ་ཚོས་སྒྲིག་གཞི་གཏན་འབེབས་ལས་འགལ་ཚེ་གསར་འགོད་པའི་ཐོབ་ཐང་བརྩི་མེད་གཏོང་རྒྱུ་དང་དེ་བཞིན་གསར་འགོད་པ་མི་ལེགས་པའི་ཐོ་གཞུང་གྲས་སུ་བཅུག་རྒྱུ།གསར་འགྱུར་འགོད་རྒྱུར་དམ་བསྒྲགས་བྱ་རྒྱུ་སོགས་ཀྱི་ཉེས་པ་གཏོང་རྒྱུ་ཡིན་པ་བརྗོད་ཡོད་འདུག གནད་དོན་དེའི་ཐོག་ཨེ་པི་གསར་འགྱུར་བརྒྱུད་ལམ་གྱི་གསར་འགོད་པས་རྒྱ་ནག་གི་གསར་འགོད་པའི་མཐུན་ཚོགས་ལ་ཞལ་པར་ཐོག་ནས་སྐད་ཆ་འདྲི་དུས་ལས་ཁང་དེའི་མིང་འདོན་གནང་འདོད་མེད་པའི་ལས་བྱེད་ཅིག་གིས་རྒྱ་ནག་གཞུང་ནས་རྒྱ་ནག་ནང་གི་གསར་འགོད་པ་ཚོའི་ཐོག་སྒྲིག་གཞི་གསར་པ་གཏན་འབེབས་ཕྱིར་བསྒྲགས་བྱེད་འཆར་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་ཡང་དེའི་སྐོར་ལ་ལན་འདེབས་གང་ཡང་གནང་འདོད་མེད་པའི་རྣམ་འགྱུར་བཏོན་ཡོད་པ་གནས་ཚུལ་ནང་འཁོད་འདུག