ལྷ་ས་བར་རི་ལིའི་འགྲིམས་འགུལ་མང་དུ་གཏོང་འཆར།

རྒྱ་ནག་གཞུང་གིས་རྒྱ་མི་རིགས་ཡུལ་སྐོར་བ་མང་དུ་གཏོང་རྒྱུའི་ཆེད་རི་ལི་མང་དུ་གཏོང་འཆར་ཡོད་འདུག

2012.07.01

༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ནས་རྒྱ་མི་རིགས་ཡུལ་སྐོར་བ་མང་དུ་གཏོང་རྒྱུར་དམིགས་ཏེ་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་གྱི་རི་ལིའི་འགྲིམས་འགྲུལ་མང་དུ་གཏོང་རྒྱུའི་འཆར་གཞི་ཡོད་པའི་སྐོར་དེ་རིང་རྒྱ་གར་གྱི་གསར་ཤོག་ཞིག་གི་དྲ་རྒྱའི་ཐོག་དེ་རིང་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་བོད་མདོ་དབུས་རི་ལིའི་ཚོང་ལས་ཁང་གི་མགྲིན་ཚབ་པ་Wang Tao ཟེར་བས་བཤད་དོན། ད་ལྟའི་འཆར་རྒྱ་ནག་གི་གྲོང་ཁྱེར་ཆེ་བ་བདུན་ནས་ལྷ་ས་བར་རི་ལིའི་འགྲིམས་འགྲུལ་བྱེད་མུས་ཡིན་པ་དང༌། དེའི་ནང་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དང༌། གྲོང་ཁྱེར་ཧྲང་ཧད། ཟི་ལིང༌ནས་ལྷ་ས་བར་ཉིན་ལྟར་རི་ལིའི་འགྲིམས་འགྲུལ་གྱི་ལས་དོན་སྔོན་ནས་འགོ་བཙུགས་ཟིན་ཡོད་ཀྱང་རྒྱ་ནག་གི་ལྷོ་ཕྱོགས་Guangdong ཞིང་ཆེན་གྱི་རྒྱལ་ས་Guangzhou ནས་ལྷ་ས་བར་དུ་ཉིན་ལྟར་རི་ལིའི་འགྲིམས་འགྲུལ་བྱ་རྒྱུ་དེ་ཕྱི་ཟླ་བདུན་པའི་ཚེས་དགུ་ནས་འགོ་འཛུགས་བྱེད་རྒྱུ་ཡིན་པ་དང༌། དེ་རྗེས་ཟིང་ཁྲོན་ཞིང་ཆེན་གྱི་རྒྱལ་ས་གྲན་རྡུ་ནས་ལྷ་ས་བར་དུ་ཉིན་མ་ལྟར་ཆར་རི་ལིའི་འགྲིམས་འགྲུལ་གྱི་ལས་གཞི་ཡང་གང་མགྱོགས་འགོ་བཙུགས་རྒྱུ་མ་ཟད། མ་འོངས་པར་མུ་མཐུད་གྲོང་ཁྱེར་དེ་དག་ནས་ལྷ་སར་བར་ཉིན་མ་ལྟར་ཆར་འགྲིམས་འགྲུལ་བྱ་རྒྱུ་ཡོད་པ་བཟོ་རྒྱུའི་འཆར་གཞི་ཡོད་པའི་སྐོར་བཤད་ཡོད་པ་རེད།  ཕྱི་ལོ་༢༠༠༦ ལོའི་ཕྱི་ཟླ་བདུན་པའི་ཚེས་༡ ཉིན་ཐོག་མར་མདོ་དབུས་རི་ལིའི་འགྲིམས་འགྲུལ་འགོ་བཙུགས་པ་ནས་བཟུང་འདས་ཟིན་པའི་མི་ལོ་བདུན་ནང་དུ་རི་ལིའི་འགྲིམས་འགྲུལ་དེ་བརྒྱུད་བོད་ཀྱི་ས་ཁུལ་ནང་དུ་ཡུལ་སྐོར་སྤྲོ་ཆམ་པ་ས་ཡ་༥༣ ཙམ་བསླེབས་ཡོད་པ་དང༌། འདི་ལོའི་ཕྱི་ཟླ་དང་པོ་ནས་གསུམ་པའི་བར་ལ་བོད་ནང་དུ་ཡུལ་སྐོར་སྤྲོ་ཆམ་པ་འབུམ་གཉིས་དང་ཁྲི་གསུམ་བསླེབས་ཏེ། ན་ནིང་ལོའི་ཕྱི་ཟླ་དང་པོ་ནས་གསུམ་པའི་བར་དུ་ཡུལ་སྐོར་སྤྲོ་ཆམ་པ་བསླེབས་པ་ལས་བརྒྱ་ཆ་༢༣ ལྷག་མང་བ་བྱུང་ཡོད་པ་དང༌། བོད་དུ་གནམ་ཐང་ལྔ་བརྒྱབ་ཡོད་ཀྱང་ཡུལ་སྐོར་སྤྲོ་ཆམ་དུ་ཡོང་མཁན་མང་ཆེ་བས་རི་ལིའི་འགྲིམས་འགྲུལ་བྱ་རྒྱུར་འདེམས་ཀ་དང་པོ་དེ་བྱེད་ཀྱི་ཡོད་ལུགས་བཤད་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎