རྒྱ་ནག་གི་ཡུལ་བསྐོར་སྤྲོ་འཆམ་པའི་ལས་བྱེད་ས་ཡ་བརྒྱ་ལོན་རྒྱུ།
2008.08.28
༄༅༎རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༥ནང་ཚུད་དུ་རྒྱ་ནག་ནང་ཡུལ་སྐོར་སྤྲོ་འཆམ་ཚན་པའི་ལས་བྱེད་མི་གྲངས་ས་ཡ་བརྒྱ་ཙམ་ལོན་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད་ཅེས་རྒྱ་ནག་མི་མང་ཉིན་རེའི་གསར་ཤོག་ཐོག་དེ་རིང་རེས་གཟའ་ཕུར་བུའི་ཉིན་གསལ་སྟོན་གནང་ཡོད་པ་རེད་
རྒྱ་ནག་གཞུང་གིས་ཡུལ་བསྐོར་སྤྲོ་འཆམ་ཚན་པའི་ལས་བྱེད་མང་དུ་གཏོང་རྒྱུའི་འཆར་གཞིའི་ནང་རྒྱ་མི་རིགས་བཅུ་བཞིའི་ནང་ནས་གཅིག་ཙམ་ཡུལ་བསྐོར་སྤྲོ་འཆམ་ཚན་པའི་ལས་བྱེད་ཆུགས་རྒྱུ་ཡིན་པ་དང་ད་ལྟ་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་ཚན་པའི་ནང་ལས་བྱེད་ས་ཡ་དྲུག་བཅུ་ཙམ་ཡོད་པ་རེད་ཅེས་གོང་ཞུས་གསར་ཤོག་ཐོག་གནས་ཚུལ་བཀོད་འདུག ཡང་རྒྱ་ནག་རྒྱལ་ཡོངས་ཀྱི་ཡུལ་སྐོར་སྤྲོ་འཆམ་ཚན་པའི་འཛིན་སྐྱོངས་ལས་ཁང་གི་དྲ་རྒྱའི་ཐོག་ཁ་ས་རེས་གཟའ་ལྷག་པའི་ཉིན་གནས་ཚུལ་སྤེལ་བར་གཞིགས་ན་ གོང་ཞུས་འབྲེལ་ཡོད་ཚན་པ་ཁག་ནས་ད་ལྟ་ལས་བྱེད་འདེམས་བསྒྲུགས་བྱེད་བཞིན་པའི་ཐོག་ལས་བྱེད་གསར་པར་ལས་ཀ་བྱེད་ཕྱོགས་ཀྱི་སྦྱོང་བརྡར་སྤྲོད་བཞིན་ཡོད་པ་དང་ཆབས་ཅིག་འཛུགས་བསྐྲུན་ཉུང་སའི་ས་ཁུལ་ཁག་ཏུ་ཡུལ་བསྐོར་སྤྲོ་འཆམ་པ་ཚོ་ལྟ་སྐོར་དུ་ཁྲིད་ཐུབ་པའི་འཆར་གཞི་ཡང་ཡོད་ཅེས་གོང་ཞུས་དྲ་རྒྱའི་ཐོག་གནས་ཚུལ་བཀོད་འདུག
ཡང་རྒྱ་ནག་གི་ངལ་རྩོལ་བློན་ཆེན་ ཐེན་ཁྲེང་ཕིང་ ཡིས་གསུངས་ན་ ལོ་འདིའི་ལོ་སྟོད་ཙམ་དུ་རྒྱ་ནག་ནང་ལས་ཀ་འཚོལ་རྒྱུ་ཧ་ཅང་གི་དཀའ་ངལ་ཆེན་པོ་ཡོད་པ་རེད་ ད་ལྟའི་ཆར་རྒྱ་ནག་ནང་ལས་མེད་མི་མང་ས་ཡ་༢༠ཙམ་ཡོད་པ་རེད་ལ་རྒྱ་ནག་ནང་ལས་ཀའི་དཀའ་ངལ་གྱི་གནས་སྟངས་དེ་ད་དུང་ཡང་དུས་ཡུན་རིང་པོའི་རིང་མུ་མཐུད་གནས་རྒྱུ་ཡིན་པ་རེད་ཅེས་བརྗོད་འདུག