དམུ་དགེ་ཕྱོགས་སུ་དམ་བསྒྲགས།
2013.07.13

༄༅༎བོད་ནས་འདྲ་པར་དང་བཅས་གནས་ཚུལ་འབྱོར་དོན། ཉེ་བའི་ལོ་སྔོན་མའི་ནང་སྤྱིར་བོད་ས་ཁྱོན་ཡོངས་སུ་དམ་བསྒྲགས་བྱེད་བཞིན་པའི་སྐབས། རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཨ་མདོ་རྔ་བ་ཁུལ་ཟུངས་ཆུ་རྫོང་དམུ་དགེ་སྟོད་ཕྱོགས་དང་། སྨད་ཕྱོགས་ཀྱི་གཞུང་ལམ་སྟེང་གནས་སྐབས་འགག་སྒོ་གསར་འཛུགས་བྱས་ནས་དུས་ཡུན་གང་མཚམས་རིང་བསྡད་པའི་རྗེས། རིམ་པས་ས་གནས་དེར་འགག་སྒོ་དང་མཉམ་ལྕགས་ཁང་རྒྱབ་པ་དང་། ཉེན་རྟོག་པ་ཉིན་མཚན་མེད་པར་གཏན་སྡོད་བྱས་ནས་ཕྱོགས་མཐའ་ཁག་ནས་ཡོང་བའི་བོད་མི་གཙོས་ས་གནས་བོད་མི་སོགས་ཕན་ཚུན་འགྲོ་བསྐྱོད་སྐབས་དམ་བསྒྲགས་སྔོག་གཤེར་ནན་མོ་བྱེད་བཞིན་པ་དང་། ས་གནས་བོད་མི་ཞིག་གིས་བརྗོད་པ་ལྟར་ན། འགག་སྒོ་དེ་དག་ནས་གཙོ་བོ་ཕྱི་མི་གང་བྱུང་དམུ་དགེ་ཕྱོགས་སུ་ཡོང་རྒྱུར་དམ་དྲག་ཚོད་འཛིན་ནན་མོ་བྱེད་བཞིན་ཡོད་པ་རེད།
དེ་བཞིན་ཟུངས་ཆུ་ཕྱོགས་ཀྱི་དམུ་དགེ་བཀྲ་ཤིས་འཁོར་ལོ་དགོན་དགོན་པའི་གླིང་ལ་ཡང་ལོ་སྔོན་མར་ཉེན་རྟོག་པ་རྒྱུན་སྡོད་བྱེད་སའི་ལས་ཁུངས་གསར་བ་སྒོ་ཕྱེ་བ་ནས་། དེར་ཉེན་རྟོག་པ་མི་གྲངས་༢༠ཙམ་རྒྱུན་སྡོད་བྱས་ནས་དགོན་པའི་དགེ་འདུན་པ་གཙོས་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་བལྟ་རྟོགས་ནན་མོ་བྱེད་བཞིན་པ་དང་། དུས་ཚོད་ངེས་མེད་ལ་ལས་དོན་རུ་ཁག་ཅེས་མིང་བཏགས་ནས་ཆེད་དུ་བོད་མི་ཚོར་ཁྲིམས་ལུགས་སློབ་གསོ་སྤྲོད་པ་དང་། བལྟ་སྲུང་ནན་མོ་བྱེད་བཞིན་ཡོད་པ་རེད།
དམུ་དགེ་ནི་དེང་སང་རྒྱ་ནག་གིས་བརྗོད་བཞིན་པའི་ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཟུང་ཆུ་རྫོང་གི་ཁོངས་གཏོགས་སུ་ཡོད་པ་རེད།།