རྒྱ་ནག་གཞུང་གིས་བོད་ས་ཁྱོན་ཡོངས་སུ་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཆེད་དུ་རྒྱ་སྐད་དར་སྤེལ་གྱི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ།

ཉེ་བའི་ལོ་འདི་གར་རྒྱ་ནག་གཞུང་གིས་བོད་ས་ཁྱོན་ཡོངས་སུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྟེ་རྒྱ་སྐད་དར་སྤེལ་གཏོང་དགོས་པའི་དྲིལ་བསྒྲགས་ཤུགས་ཆེ་བྱས་ནས། སློབ་གྲྭ་དང་གཞུང་གི་སྡེ་ཚན་ཁག་ཙམ་དུ་མ་ཟད། དགོན་སྡེ་དང་མང་ཚོགས་ཀྱི་ཁྲོད་དུ་ཡང་རྒྱ་སྐད་སྦྱོར་བརྡར་གྱི་མཚན་མོའི་སློབ་གྲྭ་ཟེར་བ་བཙུགས་པ་དང་། དེ་བཞིན་རྒྱ་སྐད་ལམ་ནས་གཏམ་བཤད་འགྲན་བསྡུར་བྱེད་བཅུག་པ་སོགས་ཀྱི་བྱ་ཐབས་རིམ་པ་ལག་བསྟར་བྱེད་བཞིན་པ་དེ་དག་གི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་སྐད་དང་ཡི་གེ་རྩ་མེད་གཏོང་ནས་བོད་མི་རིགས་རྒྱར་བསྒྱུར་གྱི་ངན་བྱུས་ཤིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་དཔྱད་བརྗོད་གནང་གི་འདུག དེ་ཡང་དཔེར་ན། ཉེ་ཆར་ཟླ་ ༡༡ ཚེས་ ༩ དང་ ༡༠ བཅས་ཉིན་གཉིས་རིང་། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་འགྲན་བསྡུར་ཞེས། བོད་མི་ཚོར་ཆེད་དམིགས་ཀྱིས་རྒྱ་སྐད་ལམ་ནས་གཏམ་བཤད་འགྲན་བསྡུར་ཞིག་སྤེལ་ཡོད་པ་དང་། གནས་ཚུལ་འདི་དང་འབྲེལ་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས། རྒྱ་སྐད་ཀྱི་གཏམ་བཤད་འགྲན་བསྡུར་དེ་ལྟ་བུ་དགོན་པ་དང་སློབ་གྲྭ་སོགས་སུ་ཤུགས་ཆེར་སྤེལ་བཞིན་ཡོད་པས་མ་ཟད། དེང་སྐབས་གྲོང་གསེབ་ཁུལ་དུ་ཡང་རྒྱ་ཡིག་རྒྱ་སྐད་བཀོལ་སྤྱོད་དགོས་པའི་བཀོད་ཁྱབ་གཏོང་གི་ཡོད་པ་དང་། ལྷ་ས་ལྟ་བུར་མཚོན་ན་ལོ་ཆུང་བྱིས་པ་ཚོར་རྒྱ་སྐད་རྒྱ་ཡིག་གི་སློབ་འཁྲིད་ཤུགས་ཆེ་བྱེད་བཞིན་པའི་གནས་སྟངས་འོག བོད་ཀྱི་སྐད་ཡིག་དང་གོམས་གཤིས་མང་དག་ཅིག་རྩ་མེད་དུ་བཏང་བར་ཤུགས་རྐྱེན་ཆེན་པོ་བྱེད་བཞིན་ཡོད་པ་སོགས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།
རྩ་བའི་རྒྱ་ནག་གཞུང་གིས་བོད་ནང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དར་སྤེལ་གཏོང་རྒྱུའི་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་གནོན་རྒྱག་བཞིན་ཡོད་པ་ལྟར། བོད་རང་སྐྱོང་ལྗོངས་ལྟ་བུར་མཚོན་ན། ༢༠༡༩ ལོ་ནས་འགོ་འཛུགས་ཀྱིས་མི་རྒྱུ་གཉིས་ཀྱི་འགྲོ་གྲོན་ཆེན་པོ་གཏོང་ནས། ༼ རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་གི་ཚིག་མཛོད།༽ ཟེར་བ་རྩོམ་སྒྲིག་བྱས་ཡོད་པ་དང་། དེ་ཡང་ཀྲུང་གོའི་བོད་ལྗོངས་བོད་སྐད་ཡིག་དྲ་རྒྱ་ཞེས་པའི་ཐོག་གནས་ཚུལ་སྤེལ་བར་ལྟར་ན། ༢༠༢༢ ལོའི་ཟླ་ ༧ པའི་ཚེས་ ༢༩ ཉིན། ཉིང་ཁྲི་གྲོང་ཁྱེར་དུ་ལས་བྱེད་པ། མང་ཚོགས། གྲྭ་བཙུན་སོགས་ཀྱི་འཐུས་མི་ 140 མཉམ་ཞུགས་ཀྱིས་ <<རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཚིག་མཛོད(བོད་ཡིག་ཤན་སྦྱར)>>གཟིགས་འབུལ་གྱི་མཛད་སྒོ་ཟེར་བ་ཞིག་འཚོགས་པ་དང་། སྐབས་དེར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་འགོ་གཙོ་གཞོན་པ་དང་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ལྷན་ཁང་གི་འགོ་གཙོ་ལྕགས་ར་བློ་བཟང་བསྟན་འཛིན་གྱིས་ཉིང་ཁྲི་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག(ཚན་པ)དང་། དགོན་པའི་དོ་དམ་ཨུ་ལྷན་གྱི་འཐུས་མི། དགོན་སྡེའི་གྲྭ་བཙུན་གྱི་འཐུས་མི་བཅས་ལ་ཚིག་མཛོད་རེ་སྤྲད་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལ་སློབ་སྦྱོང་ཧུར་ཐག་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།
དེ་བཞིན་ ༢༠༢༢ ལོའི་ཟླ་ ༥ ཚེས་ ༤ ཉིན་ལྷོ་ཁའི་བོད་ཡིག་ཚགས་པར་ཐོག་༼རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱངས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་པ།༽ ཞེས་འགོ་བརྗོད་དུ་འཁོད་པའི་གནས་ཚུལ་སྤེལ་བའི་ནང་དུ། ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་རྫིང་སྒང་གྲོང་ཚོས་ཞིང་འབྲོག་ཁུལ་གྱི་ཏང་ཡོན་ལས་བྱེད་པའི་ཁྲོད་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་གི་མཚན་སློབ་འཛིན་གྲྭ་ཟེར་བ་གཉེར་ནས་རྒྱ་ཡིག་རྒྱ་སྐད་སློབ་འཁྲིད་བྱས་ཡོད་པ་བཀོད་འདུག་ལ། གཞན་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་༢༠༢༤ལོའི་ཟླ་༡༠ཚེས་༡༨ཉིན་གནས་ཚུལ་སྤེལ་བར་ལྟར་ན། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། རྫོང་དམར་ཤོག་རྩ་འཛུགས་ཀྱིས་སྣེ་ཁྲིད་འོག་འཐབ་ཕྱོགས་གཅིག་གྱུར་དང་། དྲིལ་བསྒྲགས། སློབ་གསོ་བཅས་མཉམ་འབྲེལ་གྱིས་མང་ཚོགས་ནང་རྒྱལ་ཁབ་ཀྱི་སྐད་ཡིག་ཚོད་རྒྱུགས་བླངས་བའི་ནང་མི་གྲངས་༩༧མཉམ་ཞུགས་བྱས་ལུགས་དང་། གཞིས་ཀ་རྩེའི་གནམ་གླིང་རྫོང་གིས་“དུས་རབས་གསར་པའི་རྒྱལ་གཅེས་པ་ལྷག་བསམ་ཟོལ་མེད་ཅིག་བྱེད”ཅེས་པའི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་འགྲན་བསྡུར་ཁྲོད། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་༡༧ནས་ཡོང་བའི་རུ་ཁག་༦༤ཡི་ཕུལ་བྱུང་བདམས་ཐོན་པ་༡༠༤མཉམ་ཞུགས་བྱས་ཡོད་ལུགས་བསྒྲགས་འདུག
དེ་མིན་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ་ཞེས་པའི་ཐོག་༢༠༢༤ལོའི་ཟླ་༧ཚེས་༢༢ཉིན། ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ལས་ཀར་ཤུགས་གནོན་རྒྱབ་ནས་གྲུབ་འབྲས་ཆེན་པོ་བྱུང་ཡོད་ལུགས་ཀྱི་གནས་ཚུལ་སྤེལ་བའི་ནང་། ཆོས་ལུགས་མི་སྣར་ཆེད་དུ་དམིགས་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དར་སྤེལ་གྱི་བྱ་འགུལ་སྤེལ་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་སྒྲུབ་ཀྱི་འདུ་ཤེས་སྲ་བརྟན་བཏང་བ་དང་། མི་རིགས་ས་ཁུལ་ལ་དམིགས་ནས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གྱི་ལས་དོན་གཏིང་ཟབ་བྱས་ཏེ་ ༢༠༢༣ ལོའི་ལོ་མཇུག་བར་ཁྱོན་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གྲོང་ཚོ་༧༩གསར་འཛུགས་བྱས་ལུགས་དང་། ༢༠༢༣ ལོའི་ལོ་མཇུག་བར་། ཁུལ་ཡོངས་ཀྱིས་ཞིང་ཆེན་རིམ་པའི་སྐད་ཡིག་ཚད་ལྡན་ཅན་གྱི་དཔེ་སྟོན་སློབ་གྲྭ་ ༡༡ དང་། ཞིང་ཆེན་རིམ་པའི་ཚད་ལྡན་རྒྱ་ཡིག་འབྲི་བའི་སློབ་གསོའི་ཁྱད་ཆོས་ལྡན་པའི་སློབ་གྲྭ་ ༦ ཁུལ་རིམ་པའི་སྐད་ཡིག་ཚད་ལྡན་ཅན་གྱི་དཔེ་སྟོན་སློབ་གྲྭ་ ༢༩ སྐད་ཡིག་ཚད་ལྡན་ཅན་གྱི་ཚད་ལོན་སློབ་གྲྭ་ ༩༤ བཅས་གསར་འཛུགས་བྱས་ཡོད་པས་མ་ཟད།
དགེ་རྒན་གྱིས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཉེར་སྤྱོད་ལ་ཤུགས་གནོན་རྒྱབ་ནས། སློབ་གྲྭ་ཆུང་འབྲིང་གི་བྱིས་གཉོར་ཁང་གི་དགེ་རྒན་བཅས། ༢༠༢༣ ལོའི་ལོ་མཇུག་བར་དུ། ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་སྤྱི་སྐད་ཆུ་ཚད་ཚད་ལོན་ཚད་བརྒྱ་ཆ་ ༩༨ ཡིན་ལུགས་སོགས་བསྒྲགས་འདུག
རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་ནས་མི་དམངས་ཡོངས་ཀྱི་སྐད་ཡིག་གི་བྱང་ཚད་མཐོ་རུ་གཏོང་བ་དང་། མི་རིགས་ཁག་དབར་འབྲེལ་འདྲིས་དང་སྤེལ་རེས་ཆེ་རུ་གཏོང་རྒྱུ་ཡིན་ལུགས་བརྗོད་ཀྱི་ཡོད་པ་རེད། ཡིན་ནའང་གནད་དོན་དབྱེ་ཞིབ་པ་རྣམས་ཀྱིས་རྒྱ་ནག་གཞུང་གིས་འདི་ལྟར་བོད་ནང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཞེས་རྒྱ་སྐད་དར་སྤེལ་གྱི་ལས་འགུལ་འདྲ་མིན་སྤེལ་བཞིན་པ་འདི་ནི་བོད་སྐད་ཡིག་རྩ་མེད་བཟོ་ཐབས་ཀྱི་ངན་བྱུས་ཤིག་ཡིན་པའི་དཔྱད་བརྗོད་གནང་གི་འདུག་ཅིང་། འདིའི་ཐད་བོད་ཀྱི་སྤྱི་ཚོགས་རིག་པའི་འབུམ་རམ་པ་ལྡོང་ཕྱིང་གུར་པ་རྒྱལ་ལོ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་གི་བཅར་འདྲི་སྐབས་གསུང་ན། དེ་ནི་སྔོན་མ་ནས་རྒྱ་ནག་གཞུང་གི་སྤྱི་སྐད་དམ་རྒྱ་སྐད་ཁྱབ་བརྡལ་དུ་གཏོང་རྒྱུའི་ནང་གི་ཆ་ཤས་ཤིག་ཡིན་ཞིང་། ཐོག་མར་སློབ་གྲྭ་སོ་སོ་དང་གཞུང་གི་སྡེ་ཚན་ཁག་ལ་ལག་བསྟར་བྱས་པ་ཞིག་ཡིན་ནའང་། ད་ལྟ་མི་མང་དང་ལྷག་པར་དུ་དགོན་པའི་ནང་དུ་བསླེབས་ཡོང་བཞིན་པ་འདིའི་དམིགས་ཡུལ་ནི་བོད་ཀྱི་སྐད་ཡིག་གི་ཚབ་ལ་རྒྱའི་སྐད་ཡིག་བྱས་ཏེ་བོད་ཀྱི་སྐད་དང་ཡི་གེ་རྩ་མེད་བཟོ་རྒྱུ་དེ་ཡིན་པ་གསལ་པོ་ཡིན་ཞེས་གསུངས་བྱུང་།
ཁོང་གིས་ད་དུང་། རྒྱ་ནག་གི་ས་ཁུལ་དུ་རྒྱ་སྐད་སྤྱི་སྐད་ཡིན་པ་མ་གཏོགས་བོད་ཀྱི་ས་ཁུལ་དུ་བོད་སྐད་སྤྱི་སྐད་མིན་སྟབས། བོད་མི་ཞིག་ལ་མཚོན་ན་འདི་ལྟ་བུའི་འགྲན་རྩོད་ལ་ཞུགས་དགོས་དོན་མེད་ནའང་། བོད་རང་གི་སྤྱི་ཚོགས་སུའང་རྒྱ་སྐད་ཅུང་ཙམ་རེ་བཤད་ཤེས་པ་དེ་ཡག་སྣང་ཞིག་ལ་འཛིན་མཁན་ཡང་ཡོང་གི་ཡོད་ལ། བྱ་སྤྱོད་དེས་བོད་ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བྱུང་བཞིན་ཡོད་སྟབས། གནད་དོན་འདི་ལ་མཚོན་ན་བོད་མི་རེ་རེའི་ངོས་ནས་ཀྱང་འགན་འཁུར་རྒྱུ་དེ་གལ་ཆེན་པོ་ཡིན་པའི་སྐོར་གསུངས་འདུག
ཉེ་ཆར་ཡོ་རོབ་ཁུལ་ནས་བོད་དབུས་ཁུལ་དུ་གཉེན་འཕྲད་ལ་ཕེབས་མཁན་ཞིག་གིས་བོད་ནང་གི་སྐད་ཡིག་གནས་སྟངས་ཧ་ཅང་ཐབས་སྡུག་ཡིན་པ་གསུངས་དོན་ལ། བོད་ནང་དུ་ཕྱི་ཚུལ་གྱིས་ཡག་པོ་ཡོད་པའི་རྣམ་པ་ཞིག་ཡོད་ཀྱང་།དོན་དུ་ས་གནས་གང་སར་གཏན་སྡོད་སློབ་གྲྭ་བཙུགས་ཏེ་རྒྱ་ཡིག་གཙོ་བོ་བྱས་ཏེ་སློབ་ཁྲིད་བྱས་ཤིང་བོད་ཀྱི་སྐད་ཡིག་ལ་འགན་སྲུང་མེད་པར་གྱུར་པའི་དབང་གིས་བྱིས་པ་རྣམས་ཀྱིས་མང་ཆེ་ཤོས་རྒྱ་སྐད་བཤད་ཀྱིན་ཡོད་པ་མ་ཟད།གྲོང་གསེབ་ཀྱི་ཡུལ་མི་རྣམས་ཀྱིས་ཀྱང་རྒྱ་སྐད་ཤུགས་ཆེར་བཤད་ཀྱིན་པའི་གནས་སྟངས་ཤིན་ཏུ་སྐྱོ་བོར་གྱུར་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་འདུག
ཕྱི་ལོ་ ༢༠༡༩ ཙམ་ནས་རྒྱ་ནག་གཞུང་གིས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་བརྡལ་གྱི་སྲིད་བྱུས་ཟེར་བ་གཏན་འབེབས་བྱས་པ་དང་འབྲེལ། བོད་མི་མང་ཚོགས་ཁྲོད་དང་བླངས་ཀྱིས་ཕ་སྐད་སྲུང་སྐྱོབ་བྱེད་མཁན་གྱི་ཚོགས་པ་མང་དག་ཅིག་རྩ་མེད་བཟོས་པ་དང་། བོད་ཡིག་གཙོ་ཁྲིད་ཡིན་པའི་སྒེར་གཉེར་སློབ་གྲྭ་ཁག་བཙན་ཐབས་ཀྱིས་སྒོ་རྒྱག་བཅུག་སྟེ། རྒྱ་སྐད་རྒྱ་ཡིག་སློབ་ཁྲིད་དང་བཀོལ་ཤུགས་ཆེ་རུ་གཏོང་བ་དང་། བོད་སྐད་ཡིག་གི་མཁས་པ་དང་རྩོམ་པ་པོ་དང་ཤེས་ཡོན་ཅན་རྣམ་བཙོན་འཇུག་སོགས་ཀྱི་ལས་འགུལ་རིམ་པར་སྤེལ་བཞིན་ཡོད་པ་རེད།
ཡང་འདིའི་ཐད་ནམ་རྒྱུན་བོད་མིའི་རྩ་ཁྲིམས་ཀྱི་ཐོབ་ཐང་སོགས་ནས་སྐོར་ནས་ལམ་སྟོན་གནང་མཁན་ཁྲིམས་གླིང་དྲ་ཚིག་གི་རྩོམ་སྒྲིག་པ་སྒྲོལ་མ་སྐྱབས་ལགས་ཀྱིས། ༼ བོད་སྐད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་འབྲེལ་བ།༽་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྤེལ་བའི་ནང་དུ། ཁོང་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཡིག་གི་འབྲེལ་བ་དེ་ཁྲིམས་ཐོག་ནས་བཤད་ན་གཅིག་ཕན་གཅིག་གྲོགས་ཀྱི་འབྲེལ་བ་ཡིན་ནའང་། ས་གནས་སྲིད་གཞུང་གིས་ཁྱོད་ཤི་ང་གསོན་གྱི་འབྲེལ་བར་བཏང་བ་དེ་ནི་ནོར་འཁྲུལ་ཡིན་པ་དང་། རྒྱལ་ཁབ་ཀྱི་སྤྱི་ཚོགས་སྐད་ཡིག་སྦྱོང་དགོས་ཟེར་ནས། ན་ཆུང་བྱིས་པ་རྣམས་ལ་རང་མི་རིགས་ཀྱི་སྐད་ཡིག་སྦྱོང་རྒྱུའི་གོ་སྐབས་འཕྲོག་པ་ནི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱི་དགོངས་པ་དང་རྒྱབ་འགལ་དུ་ཕྱིན་ཡོད་ཅེས་དཔྱད་བརྗོད་གནང་འདུག
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།