༧གོང་ས་མཆོག་གི་ཆིབས་བསྒྱུར་ཐད་རྒྱ་ནག་གིས་སྡིག་ར་།
2012.06.13
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་གྱི་གྲོང་ཁྱེར་ Leeds ཁུལ་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཀྱི་ཡོད་སྟབས། རྒྱ་ནག་གིས་གྲོང་ཁྱེར་དེའི་ནང་ འཛམ་གླིང་Olympic རྩེད་འགྲན་ཆེན་མོའི་ཆེད་དུ་སྦྱོང་བརྡར་བྱེད་བཞིན་པའི་རྒྱ་མིའི་རྩེད་འགྲན་པ་ཚོ་ཕྱིར་འཐེན་བྱ་རྒྱུའི་སྡིག་ར་སྐུལ་འདུག།
བདུན་ཕྲག་འདིའི་རེས་གཟའ་པ་སངས་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གྲོང་ཁྱེར་Leedsནང་གི་Yorkshire རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་ཐོག་གསུང་བཤད་སྩལ་རྒྱུའི་མཛད་འཆར་ཡོད་པ་ལྟར། རྒྱ་ནག་གི་དཔོན་རིགས་ཚོས་ Leeds གྲོང་སྡེ་ལྷན་ཁང་ལ་ ༧གོང་ས་མཆོག་གི་ཆིབས་བསྒྱུར་གོ་སྒྲིག་ཞུ་མཁན་ཚོགས་པར་ཆིབས་བསྒྱུར་ཕྱིར་འཐེན་བྱེད་རྒྱུའི་ཐད་གནོན་ཤུགས་སྤྲོད་དགོས་ལུགས་བརྗོད་བཞག། འོན་ཀྱང་ད་ལྟའི་ཆར་མཛད་འཆར་ཁག་ལ་འགྱུར་བ་མེད་པར་སྔོན་འཆར་ལྟར་གནང་རྒྱུ་ཡིན་ནའང༌། Leeds གྲོང་སྡེ་ལྷན་ཚོགས་ཀྱིས་ ༧གོང་ས་མཆོག་ཆེད་ཕེབས་གནང་སའི་ལྷན་ཚོགས་དེ་དང་འབྲེལ་བ་མེད་སྐོར་གསུང་ཡོད་པ་དབྱིན་ཇིའི་གསར་ལམ་BBC ཡིས་གནས་ཚུལ་སྤེལ་འདུག།
Leeds གྲོང་སྡེ་ལྷན་ཁང་གྱི་སྤྱི་ཁྱབ་Tom Riordan ཡིས་ལྷན་ཚོགས་དེ་བཞིན་སྒེར་གྱི་ཚོགས་པ་ཞིག་གིས་གོ་སྒྲིག་ཞུས་པའི་ལྷན་ཚོགས་ཤིག་ཡིན་པ་ལས། གྲོང་སྡེ་ལྷན་ཁང་དང་འབྲེལ་བ་མེད་སྐོར་སྤྱི་བསྒྲགས་ཤིག་སྤེལ་གནང་འདུག། ད་དུང་Leeds ཤར་ནུབ་ཀྱི་ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་Fabian Hamilton ཡིས་རྒྱ་ནག་གི་བྱེད་སྟངས་དེ་ནི་རྒྱུན་ལྡན་ཞིག་ཡིན་ཚུལ་གསུངས་བ་དང་མཉམ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པར་སྐྱོན་བརྗོད་གནང་ཡོད་འདུག