༧གོང་ས་མཆོག་སོག་ཡུལ་དུ་ཕེབས་པར་རྒྱ་ནག་གིས་སྐྱོན་བརྗོད།


2016.11.18
རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་ཀེན་ཤང་Geng Shuang ༢༠༡༦ རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་ཀེན་ཤང་Geng Shuang ༢༠༡༦
པར་ཚགས།

བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་ལ་ཕེབས་པར་རྒྱ་ནག་གཞུང་གིས་དེར་སྐྱོན་བརྗོད་ཞུས་པ་མ་ཟད། ༧གོང་ས་མཆོག་གི་ཆིབས་བསྒྱུར་བཀག་འགོག་ཞུ་ཐབས་ཀྱང་བྱས་འདུག
དེ་ཡང་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། དགུང་གྲངས་༨༡་ལ་ཕེབས་པ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྐུ་ངལ་ཁྱད་དུ་བསད་ནས་འཛམ་གླིང་གི་ས་གནས་གང་སར་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་གནང་མཛད་ན་ཡང་། རྒྱ་ནག་གཞུང་གིས་མཚན་སྨད་ཡང་ཡང་ཞུ་ཡི་ཡོད་པ་ལྟར། ༧གོང་ས་མཆོག་ད་ཐེངས་སོག་ཡུལ་ནང་ཆིབས་བསྒྱུར་བསྐྱངས་གནང་བ་ལ་ཡང་ངོ་རྒོལ་བྱས་ཅིང་། རོ་ཡ་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། ཐོག་མར་རྒྱ་ནག་གཞུང་གིས་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མ་སོག་ཡུལ་ནང་ཕེབས་འཆར་དེས་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་གཏོང་རྒྱུ་ཡིན་ལུགས་བཤད་ནས་༧གོང་ས་མཆོག་གི་ཆིབས་བསྒྱུར་བཀག་འགོག་ཞུ་ཐབས་བྱས་འདུག
རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་Geng Shuang་གིས་སོག་པོས་རྒྱ་ནག་དང་འབྲེལ་ལམ་སྲ་བརྟན་རྒྱུན་འཁྱོངས་བྱ་རྒྱུ་སེམས་ལ་བཞག་ནས་ལས་ཀ་བྱེད་དགོས་པ་དང་། གནད་དོན་དེའི་སྐོར་སོག་པོས་ཁས་ལེན་བྱས་པ་ཁག་དོན་འཁྱོངས་ཡོང་རྒྱུ་རྒྱ་ནག་གིས་སྐུལ་ལྕགས་ཤུགས་ཆེ་བྱེད་ཀྱི་ཡོད་ཅེས་བཤད་པ་མ་ཟད། ད་དུང་ཏཱ་ལའི་བླ་མ་སོག་ཡུལ་ནང་ཕེབས་རྒྱུའི་ཆོག་མཆན་སྤྲོད་མི་དགོས་ལ་ཏཱ་ལའི་ཤོག་ཁག་གི་ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་ལ་ཡང་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་བྱེད་མི་དགོས་ཅེས་བརྗོད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༢༠༠༦་ལོར་སོག་ཡུལ་ནང་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་གནང་མཛད་པའི་རྗེས་སུ། རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་སོག་པོའི་རྒྱལ་ས་ཨུ་ལན་བ་ཏུར་གཉིས་དབར་གནམ་གྲུ་འཕུར་བསྐྱོད་བྱེད་བཞིན་པ་དེ་རེ་ཞིག་ཕྱིར་འཐེན་བྱས་ཀྱང་རྗེས་སུ་མཁའ་ལམ་འགྲུལ་བཞུད་བསྐྱར་གསོ་བྱས་ཡོད་པ་རེད།
གང་ལྟར་རྒྱ་ནག་གི་གནོན་ཤུགས་ལ་མ་བལྟོས་བར་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སོག་པོའི་དད་ལྡན་མི་མང་རྣམས་ཀྱིས་རྒྱུན་རིང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་འདི་ཚེས་༡༨་གཟའ་པ་སངས་ཉིན་༧མགོན་པོ་གང་ཉིད་སོག་པོའི་རྒྱལ་ས་ ཨུ་ལན་བ་ཏུར་རུ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎