རྒྱ་ནག་དང་ཐའེ་ལྦན་གཞུང་བར་སྔོན་འགྲོའི་གྲོས་མོལ་བྱེད་འཆར།
2008.11.24
༄༅༎རྒྱ་ནག་དང་ཐའེ་ལྦན་གྱི་གཞུང་འཛིན་ཚོགས་པ་གཉིས་དབར་འདས་པའི་ལོ་མང་རིང་ཕན་ཚུན་ཡིད་ཆེས་མེད་པའི་རྣམ་པ་ཞིག་གི་ངང་གནས་ཡོད་ཀྱང་ཟླ་བ་རྗེས་མ་ཕྱོགས་གཉིས་དབར་དཔལ་འབྱོར་དང་མ་རྩ་འཛུགས་འཇོག་སོགས་གནད་དོན་ཐོག་སྔོན་འགྲོའི་གྲོས་མོལ་གནང་རྒྱུ་ཡིན་པ་ཐའེ་ལྦན་གྱི་གཞུང་གི་འབྲེལ་ཡོད་དཔོན་རིགས་ནས་གཟའ་ཟླ་བའི་ཉིན་འགྲེལ་བརྗོད་གནང་འདུག
ཐའེ་ལྦན་གྱི་གཞུང་འཛིན་གོ་མིན་ཏང་ཚོགས་པའི་སྐུ་ཚབ་དང་རྒྱ་ནག་གུང་ཁྲན་ཚོགས་པའི་འབྲེལ་ཡོད་སྐུ་ཚབ་དབར་ཕྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ནས་བཅུ་བཞི་ཉིན་གྲངས་གཉིས་རིང་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧད་དུ་ཐུག་འཕྲད་གནང་ཏེ་ཕྱི་ལོ་ཉིས་སྟོང་དགུ་ལོར་གཞུང་གཉིས་ཀྱི་དཔོན་རིགས་དངོས་སུ་གྲོས་མོལ་གནང་རྒྱུར་གྲ་སྒྲིག་ཆེད་སྔོན་འགྲོའི་གྲོས་མོལ་གནང་འཆར་ཡོད་པ་ཐའེ་ལྦན་གྱི་གཞུང་འཛིན་གོ་མིན་ཏང་ཚོགས་པའི་རྒྱ་ནག་ལས་དོན་ལྷན་ཁང་གི་འགན་འཛིན་གྲང་ཅུན་ཁང་གིས་འགྲེལ་བརྗོད་གནང་འདུག ཐའེ་ལྦན་གྱི་རྒྱ་ནག་ལས་དོན་ལྷན་ཁང་གི་དཔོན་རིགས་གྲང་ནས་མུ་མཐུད་གསུང་ན་ཕྱོགས་གཉིས་དབར་གྱི་གྲོས་མོལ་དེ་བཞིན་ཞི་འཇམ་ངང་གནང་རྒྱུ་མ་ཟད་ཕྱོགས་གཉིས་དབར་གནད་དོན་མང་པོ་ཞིག་གི་ཐོག་ཕན་ཚུན་གྲོས་མོལ་གནང་རྒྱུ་ཡིན་པ་གསུང་བཞག རྒྱ་ནག་དང་ཐའེ་ལྦན་དབར་འདས་པའི་ལོ་མང་རིང་ཕན་ཚུན་ཡིད་ཆེས་མེད་པའི་དགྲ་ཁ་གཏད་ཀྱི་རྣམ་པའི་འོག་གནས་མུས་ཡིན་པ་དང་ཡིན་ནའང་ཐའེ་ལྦན་གྱི་གཞུང་ད་ལོ་གོ་མིན་ཏང་ཚོགས་པས་འཛིན་པའི་རྗེས་ཐའེ་ལྦན་གྱི་དཔལ་འབྱོར་གནས་སྟངས་ཉམས་རྒུད་དུ་འགྲོ་བཞིན་པ་དེ་སླར་གསོ་ཡོང་རྒྱུའི་ཆེད་རྒྱ་ནག་གཞུང་དང་འབྲེལ་ལམ་བཟང་དུ་བཏང་ནས་ཉེ་ཆར་རྒྱ་ནག་གི་ཐའེ་ལྦན་ལས་དོན་ལྷན་ཁང་གི་དཔོན་རིགས་གཞུང་འབྲེལ་ཐོག་ནས་ཐའེ་ལྦན་ནང་འཚམས་གཟིགས་ཐོག་མ་དེ་གནང་ཡོད་ཅིང་དེ་བཞིན་ཟླ་བ་འདིའི་ཟླ་སྟོད་དུ་ཕྱོགས་གཉིས་དབར་དང་རྒྱལ་སྤྱིའི་དཔལ་འབྱོར་གནས་སྟངས་སོགས་ཀྱི་དཀའ་ངལ་སེལ་རྒྱུར་ཕན་ཚུན་མཉམ་ལས་གནང་རྒྱུ་དང་དེ་མིན་མ་འོངས་གཞུང་གཉིས་ཀྱི་དཔོན་རིགས་དབར་གྲོས་མོལ་གནང་རྒྱུར་རྨང་གཞི་འདིང་རྒྱུའི་ཆེད་ཚོགས་པ་གཉིས་དབར་ཕན་ཚུན་སྔོན་འགྲོའི་གྲོས་མོལ་གནང་རྒྱུ་སོགས་ཀྱི་གྲོས་མཐུན་བྱུང་བ་བཞིན་ཟླ་བ་རྗེས་མ་རྒྱ་ནག་དང་ཐའེ་ལྦན་གྱི་གཞུང་འཛིན་ཚོགས་པའི་དཔོན་རིགས་དབར་རྒྱ་ནག་ནང་གྲོས་མོལ་གནང་རྒྱུ་ཡིན་པ་རེད།