བོད་ནང་ས་ག་ཟླ་བའི་རིང་དམ་དྲག་ཇེ་ཆེར་བཏང་འདུག
2014.06.03

རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཞེས་པའི་མངའ་ཁུལ་གྱི་གཞུང་གི་ལས་བྱེད་པ་ཚོས་ལོ་རེའི་གུང་སེང་ལེན་མི་ཆོག་པ་བཟོས་ཡོད་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། བོད་ཀྱི་ཆོས་ཕྱོགས་ཀྱི་དུས་ཆེན་ཆེ་གྲས་ས་ག་ཟླ་བའི་རིང་རྒྱ་ནག་གིས་བོད་ནང་དམ་དྲག་ཇེ་ཆེར་བཏང་ཡོད་པ་དང་། འདི་ལོའི་ས་ག་ཟླ་བའི་དུས་སྐབས་རིང་བོད་ནང་གི་བོད་མི་རྣམས་གངས་རིན་པོ་ཆེར་མཇལ་སྐོར་ལ་བསྐྱོད་རྒྱུར་དམ་བསྒྲགས་བྱེད་པ་མ་ཟད། ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པར་ཡང་དེ་ལྟར་གྱི་དམ་བསྒྲགས་བྱེད་ཀྱི་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་མངའ་ཁུལ་གྱི་གཞུང་གི་ལས་བྱེད་པ་རྣམས་འདི་ལོའི་ཕྱི་ཟླ་༤ པ་ནས་ཕྱི་ཟླ་ ༩ པ་བར་ལོ་རེའི་གུང་སེང་ལེན་མི་ཆོག་པ་བཟོས་ཡོད་པ་དང་། གལ་སྲིད་གུང་སེང་ལེན་པ་ཡིན་ན་རང་གི་ལས་གནས་ནས་ཕྱིར་འབུད་གཏོང་རྒྱུའི་གསལ་བརྡ་བཏང་ཡོད་པ་རེད། དེ་བཞིན་བོད་ནང་གི་བོད་མི་རྣམས་ལ་ཕྱིར་བསྐྱོད་ལག་འཁྱེར་སྤྲོད་རྒྱུ་མཚམས་འཇོག་བྱས་ཡོད་པ་མ་ཟད། དེ་སྔོན་ལག་འཁྱེར་ཐོབ་ཟིན་པ་རྣམས་ཀྱི་ལག་འཁྱེར་ཕྱིར་སློག་བྱེད་དགོས་པ་ཡང་བཟོས་ཡོད་འདུག
ཡང་རྒྱ་ནག་གུང་ཁྲན་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ཀྱི་ལས་དོན་སྤེལ་བའི་ཁོངས་འདི་ལོ་ཕྱི་ཟླ་༧པའི་ནང་བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་གནང་སྐབས་དབང་ཆེན་ཞུ་བར་བཅར་མཁན་བྱུང་ཚེ་མི་དེའི་ཐེམ་ཐོ་ཕྱིར་བསྡུ་བྱེད་རྒྱུའི་སྡིག་སྐུལ་བྱེད་ཀྱི་ཡོད་པ་རེད་འདུག
གསར་འགོད་པ་ལྷུན་གྲུབ་ཚེ་རིང་།