རྒྱ་ནག་གཞུང་གིས་སོ་ཉུལ་འགོག་རྒོལ་གྱི་ལས་དོན་ནང་མང་ཚོགས་མཉམ་ཞུགས་ཡོང་ཐབས་བཟོ་བཞིན་འདུག

2023.08.01
རྒྱ་ནག་གཞུང་གིས་སོ་ཉུལ་འགོག་རྒོལ་གྱི་ལས་དོན་ནང་མང་ཚོགས་མཉམ་ཞུགས་ཡོང་ཐབས་བཟོ་བཞིན་འདུག རྒྱ་ནག་གིས་གསང་མྱུལ་བའི་གནས་ཚུལ་ཡར་ཞུ་བྱེད་སའི་དྲ་རྒྱའི་མདུན་ངོས། ༢༠༡༨།༤།༡༦
དྲྭ་བཤུས།

དེ་ཡང་རོའུ་ཡེ་ཊར་གསར་ལས་ཁང་གིས་རྒྱ་ནག་དབུས་སྤྱི་བདེ་ལས་ཁུངས་ཀྱི་གསལ་བསྒྲགས་ལུངས་དྲངས་ཏེ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་རྒྱ་ནག་ནང་གསང་ཉུལ་གྱི་ལས་དོན་ཐེར་འདོན་བྱེད་པའི་ལས་དོན་ནང་མང་ཚོགས་མཉམ་ཞུགས་བྱེད་རྒྱུ་དེ་རྒྱུན་ལྡན་ལྟ་བུའི་གནས་སྟངས་བཟོ་ཆེད། དྭོགས་གཞི་ཅན་གྱི་ལས་དོན་རྩིས་སྤྲོད་བྱེད་སའི་བརྒྱུད་ལམ་གསར་འཛུགས་དང་། གསང་བ་བརྩིས་སྤྲོད་བྱ་མཁན་ཚོར་ལེགས་གསོལ་བསྔགས་བརྗོད་དང་བྱ་དགའ་སྤྲོད་རྒྱུ་སོགས་ཀྱི་སྒྲོམ་གཞི་གསར་འཛུགས་བྱེད་རྒྱུའི་སྐོར་བཀོད་ཡོད་པ་དང་། རྒྱ་ནག་གི་དབུས་སྤྱི་བདེ་ལས་ཁུངས་ནི་རྒྱ་ནག་གི་ཕྱི་འབྲེལ་གསང་བའི་ལས་དོན་དང་། ཕྱིའི་གསང་ཉུལ་ལ་གདོང་ལེན་དང་འགོག་སྲུང་གི་ལས་དོན་བྱེད་མཁན་ཨ་མ་དེ་ཡིན་པ་རེད། ད་རེས་ལས་ཁུངས་དེས་ལས་དོན་ཁྲོད་མི་སེར་ཚོ་མཉམ་བཞུགས་ཡོང་ཐབས་བྱེད་བཞིན་པ་དེ་ནི། ཉེ་ལམ་ཕྱི་ཟླ་༧པའི་ཚེས་༡ནས་སོ་ཉུལ་ལ་གདོང་ལེན་ཞེས་པའི་ཁྲིམས་གཞི་ལག་བསྟར་བྱས་པའི་རྗེས་སུ་ཡིན་འདུག་ཅིང་། སོ་ཉུལ་ལ་གདོང་ལེན་ཞེས་པའི་ཁྲིམས་གཞི་དེའི་འོག་ རྒྱལ་ནང་བདེ་འཇགས་དང་རྒྱལ་ཁབ་ཀྱི་ཁེ་ཕན་དང་འབྲེལ་བའི་གནས་ཚུལ་རིགས་མཁོ་སྤྲོད་དང་མཉམ་སྤྱོད་བྱེད་མི་ཆོག་པ་བཟོས་ཡོད་པ་མ་ཟད། སོ་ཉུལ་ལ་ཞིབ་འཇུག་གི་མིང་ཐོག་ནས་ སྒེར་དང་ཚོགས་པ་སྒྲིག་འཛུགས་སོགས་ཀྱི་རྒྱུ་ནོར་དང་གནས་བསྡུས་ཉར་ཚགས་བྱས་ཡོད་པའི་གློག་ཀླད་རྩིས་འཁོར་བཅས་པར་བསྔོགས་བཤེར་ཆོག་པའི་དབང་ཚད་བཟོད་ཡོད་པ་རེད།
འོན་ཀྱང་ཁྲིམས་གཞི་དེའི་གོ་དོན་ཁ་གསལ་མེད་པར་བརྟེན་རྒྱ་ནག་གཞུང་གིས་ཁྲིམས་གཞི་དེ་དག་བེད་སྤྱོད་ལོག་པ་བཏང་ནས་རྒྱ་ནག་ཏུ་ཡོད་པའི་ཕྱིའི་བཟོ་ཚོང་ལས་ཁང་དང་ཚོང་ལས་སྡེ་ཚན་ཁག་ལ་བསུན་གཙེར་དང་དཀའ་རྙོག་བཟོ་ཉེན་ཆེ་བའི་སྐོར་ཨ་རི་གཞུང་གིས་བློ་ཚབས་ཡོད་པ་གསལ་སྟོན་གནང་ཡོད་པ་རེད།
དེའི་སྔོན་༢༠༡༨ལོར་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསང་མྱུལ་བའི་བྱེད་ལས་རིགས་འགོག་ཆེད་ཚོགས་པ་སྒྲིག་འཛུགས་དང་མི་སྣ་ཡར་ཞུ་བྱེད་སའི་དམིགས་བསལ་དྲྭ་ཚིགས་ཤིག་རྒྱ་ཡིག་དང་དབྱིན་ཡིག་གཉིས་ཀའི་ཐོག་སྒོ་ཕྱེ་ཡོད་པ་དང་། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྒྲོམ་གཞི་མེད་པར་གཏོང་བ་མཚོན་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་རིགས་སྔོན་འགོག་བྱེད་ཆེད་ཡིན་ལུགས་འགྲེལ་བརྗོད་བྱས་ཡོད། དེའི་ནང་རྒྱ་ནག་གི་མི་སེར་དང་ཕྱི་རྒྱལ་བ་སུ་རུང་གིས་སྲིད་གཞུང་དང་དམག་དཔུང་གི་འགོ་ཁྲིད་བཅས་ཀྱི་ཁྲོད་ལྐོག་ཏུ་རྒྱལ་ཁབ་ཀྱི་གསང་བ་ཉོ་ཚོང་བྱེད་པ་དང་། དྲག་པོའི་ཟིང་འཁྲུག་སློང་བ། གྲངས་ཉུང་མི་རིགས་ཁ་བྲལ་ལ་ངན་སྐུལ་བྱེད་པ་སོགས་ཀྱི་གནས་ཚུལ་གཞུང་ལ་མཁོ་སྤྲོད་བྱེད་དགོས་པའི་སྐུལ་འདེད་བྱས་ཏེ། གནས་ཚུལ་མཁོ་སྤྲོད་ཡར་ཞུ་བྱེད་མཁན་རིགས་ལ་རྒྱ་སྒོར་ཁྲི་གཅིག་ནས་འབུམ་ལྔ་ཡི་བར་སྤྲོད་རྒྱུ་ཡིན་ལུགས་གསལ་བསྒྲགས་བྱས་ཡོད།
ལོ་དེར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ། ནག་ཆུ་ས་གནས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་བརྡ་ཁྱབ་བཏང་བའི་ཡིག་ཆ་ཞིག་ལག་སོན་བྱུང་བའི་ནང་། སྤྱི་ཚོགས་ནང་ཟིང་སློང་ཀྱི་ལས་འགུལ་སྤེལ་འཆར་ཡོད་པ་དང་། ཏཱ་ལའི་རུ་ཚོགས་སོགས་ཕྱི་ཕྱོགས་སྒྲིག་འཛུགས་སོགས་དང་འབྲེལ་བ་བྱེད་མཁན། སྐད་འཕྲིན་སོགས་ནང་གནས་ཚུལ་རྫུན་མ་སྤེལ་མཁན་ལ་སོགས་པ་མི་སྣ་རྩིས་སྤྲོད་བྱས་ཚེ་དངུལ་གྱི་བྱ་དགའ་ཆེན་པོ་སྤྲོད་རྒྱུ་བརྗོད་ཡོད་པ་དང་། གནད་དོན་དབྱེ་ཞིབ་པ་ཚོས་ལས་དོན་དེ་རིགས་བོད་ཀྱི་ས་ཁུལ་གཞན་ཁག་གི་ནང་ཡང་གཅིག་མཚུངས་སྤེལ་བཞིན་ཡོད་པ་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
གནས་ཚུལ་ལྟར་ན། ཉེ་བའི་ལོ་དུས་ནང་རྒྱ་ནག་གཞུང་གིས་སོ་ཉུལ་ལ་གདོང་ལེན་ཞེས་པའི་ཁྲིམས་གཞིའི་ཐོག་ནས་རྒྱ་ནག་དང་རྒྱ་རིགས་ཙམ་དུ་མ་ཟད། ཕྱིའི་རྒྱལ་ཁབ་ཀྱི་མི་སེར་བཅུ་གྲངས་ལྷག་དོ་དམ་འཛིན་བཟུང་གིས་བཙོན་འཇུག་གི་ཉེས་ཆད་བཏང་ཡོད་པ་རེད།
དེ་བས་ཉེ་ལམ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་ནས། རྒྱ་ནག་གཞུང་གིས་ཨ་རིའི་མི་སེར་གྱི་འགྲོ་བསྐྱོད་ལ་བར་ཆད་བཟོས་ནས་བཀག་སྡོམ་དང་། ཉེས་མེད་བཙོན་འཇུག དེ་བཞིན་གང་བྱུང་བཀག་ཉར་དང་འདྲི་རྩད་སོགས་གཅོད་སྲིད་པས། ཨ་རིའི་མི་སེར་སྤྱི་དང་དམིགས་བསལ་ཚོང་པ་དང་གཞུང་གི་ལས་བྱེད་ཟུར་པ། གསར་འགོད་པ་སོགས་རྒྱ་ནག་ནང་བསྐྱོད་ཕྱོགས་ཐད་གཟབ་ནན་བྱེད་དགོས་བའི་ཉེན་བརྡ་བཏང་ཡོད་པ་རེད།


གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎