བོད་མིར་དྲག་གནོན་བྱེད་རྒྱུར་འགྲིམས་འགྲུལ་སྟབས་བདེ་བཟོ་བ།
2009.01.30
༄༅༎རྒྱ་ནག་གཞུང་གིས་བོད་ནང་ཨ་རིའི་ཌོ་ལར་ས་ཡ་མང་པོ་འགྲོ་གྲོན་བཏང་སྟེ་འགྲིམས་འགྲུལ་འགྲོ་ལམ་ཡར་རྒྱས་བཏང་སྟེ་བོད་ནང་གི་བོད་མིའི་ཐོག་འཕྲལ་དུ་དམག་དཔུང་གིས་དྲག་གནོན་བྱེད་ཐུབ་པའི་ཆ་རྐྱེན་སྐྲུན་བཞིན་པའི་སྲིད་ཇུས་ལྟར་ད་ཆ་རྒྱ་གར་དང་པ་ཀི་སི་ཐན་རྒྱལ་ཁབ་གཉིས་དང་ཁྱིམ་མཚེས་སུ་གནས་པའི་ཤིན་ཅང་ས་ཁུལ་ནང་འགྲིམས་འགྲུལ་གྱི་འགྲོ་ལམ་འཛུགས་སྐྲུན་གྱི་ཆེད་དུ་ཨ་རིའི་ཌོ་ལར་ཐེར་འབུམ་༡༨འགྲོ་གྲོན་གཏོང་རྒྱུའི་གསལ་བསྒྲགས་བྱས་ཏེ་ཤར་ཏུར་ཀི་སི་ཐན་རང་བཙན་འཐབ་རྩོད་པའི་ཐོག་དྲག་གནོན་བྱ་རྒྱུར་འགྲིམས་འགྲུལ་སྟབས་བདེ་ཡོང་ཐབས་ཀྱི་སྲིད་ཇུས་འཛིན་བཞིན་ཡོད་པ་རེད།
བོད་དང་ཤིན་ཅང་ས་ཁུལ་ནང་འགྲིམས་འགྲུལ་འཛུགས་སྐྲུན་གྱི་ལས་དོན་འཆར་གཞི་དེ་ཡང་རྒྱ་ནག་གུང་ཁྲན་ཏང་གིས་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་མི་རིགས་ཐོག་དྲག་གནོན་བྱེད་བཞིན་པའི་སྐབས་དེར་ཛ་དྲག་གི་ཐབས་ཇུས་ཤིག་ཀྱང་ཡིན་པ་ངོས་འཛིན་གྱིས་ད་དུང་ཡང་མ་འོངས་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་ནག་གི་ས་ཁུལ་ཕྱོགས་མང་པོའི་ནང་རི་ལིའི་འགྲོ་ལམ་གྱི་འབྲེལ་འཐུད་གཞི་རྒྱ་ཆེ་བའི་སྒོ་ནས་འཛུགས་སྐྲུན་བྱ་རྒྱུའི་ཆེད་དུ་དཔལ་འབྱོར་གྱི་འགྲོ་གྲོན་མང་བ་གཏོང་རྒྱུའི་འཆར་གཞི་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ནང་མོ་ཊ་དང་རི་ལིའི་འགྲོ་ལམ་འཛུགས་སྐྲུན་དང་ཡར་རྒྱས་གཏོང་བའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་ས་ཐོག་ཏུ་རྒྱ་ནག་ཉེན་རྟོག་པ་དང་དམག་དཔུང་སྟབས་བདེ་པོའི་ཐོག་ནས་འགྲིམས་འགྲུལ་ཐུབ་པའི་ཆ་རྐྱེན་དང་དེ་མ་ཟད་རྒྱ་ནག་གཞུང་གིས་དུས་རྟག་ཏུ་ཕྱི་ཕྱོགས་སུ་བོད་ནང་འགྲིམས་འགྲུལ་ཡར་རྒྱས་གཏོང་བ་དེ་ཡིས་བོད་ཀྱི་ས་ཁུལ་ནང་གི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་ཐོགས་སྐྲུན་རྒྱུར་དམིགས་པ་ཞིག་ཡིན་པའི་འགྲེལ་བརྗོད་བྱེད་བཞིན་ཡོད་ཀྱང་དོན་ངོ་མའི་སྲིད་ཇུས་ནི་བོད་ནང་ཞི་བའི་རང་དབང་འཐབ་རྩོད་བྱེད་མཁན་གྱི་བོད་མིའི་ཐོག་དྲག་གནོན་བྱ་རྒྱུར་ཁེ་ཕན་སྐྲུན་པ་ཞིག་ཡིན་པ་རེད།