ཤྲི་ལང་ཀས་གཟུར་གནས་ཕྱི་འབྲེལ་སྲིད་བྱུས་ལས་བརྒལ་ཏེ་རྒྱ་ནག་ལ་གྲོགས་འདྲིས་བྱེད་འགོ་བཙུགས་པ་ནི་རང་ཉིད་འཕུང་བའི་རྒྱུ་ཡིན་པ་ཉམས་ཞིབ་པས་གསུང་གི་འདུག

2025.01.30
ཤྲི་ལང་ཀས་གཟུར་གནས་ཕྱི་འབྲེལ་སྲིད་བྱུས་ལས་བརྒལ་ཏེ་རྒྱ་ནག་ལ་གྲོགས་འདྲིས་བྱེད་འགོ་བཙུགས་པ་ནི་རང་ཉིད་འཕུང་བའི་རྒྱུ་ཡིན་པ་ཉམས་ཞིབ་པས་གསུང་གི་འདུག རྒྱ་ནག་དང་ཤྲི་ལང་ཀའི་སྲིད་འཛིན་ཐུག་འཕྲད་སྐབས། ༢༠༢༥།༠༡།༡༥
AP

ཤྲི་ལང་ཀས་ལོ་བཅུ་ཕྲག་འགའ་ཤས་ནས་བཟུང་སྟོབས་ཆེན་རྒྱལ་ཁབ་ཀྱི་སྡེ་ཁག་གི་ཕྱོགས་སུ་མ་ལྷུང་བར་ཉེ་རིང་མེད་པར་གཟུ་བོར་གནས་རྒྱུའི་ཕྱི་འབྲེལ་སྲིད་བྱུས་ལས་བརྒལ་ཏེ། ཉེ་ལམ་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡༦ ཉིན་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་དང་ཤྲི་ལང་ཀའི་སྲིད་འཛིན་ཨ་ནུ་ར་ཀུ་མར་རྡི་སན་ཡཀ་ (Anura Kumara Disanayaka) གཉིས་དབར་ཐུག་འཕྲད་སྐབས། ཤྲི་ལང་ཀས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་སྣོན་གྱིས་བོད་དང་ཤར་ཏུར་ཀིསྟན་དང་འབྲེལ་བའི་གནད་དོན་ཐད་རྒྱ་ནག་ལ་རྒྱབ་སྐྱོར་ཆ་ཚང་ཡོད་སྐོར་བརྗོད་པ་དེར་ཉམས་ཞིབ་པ་ཚོས་བློ་འཚབ་སྟོན་གྱི་འདུག

སྤྱིར་ཤྲི་ལང་ཀ་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ངོས་འཛིན་བྱེད་མཁན་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་ཐོག་མའི་གྲས་ཡིན་ཞིང་། ཤྲི་ལང་ཀས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་སྐྱོར་གྱིས་ཐེ་ཝན་དེ་ཉིད་རྒྱ་ནག་སྐམ་ས་ཆེན་མོར་ཟླ་སྒྲིལ་གཏང་རྒྱུར་རྒྱབ་སྐྱོར་དང་། ཐའི་ཝན་རང་བཙན་ལ་དགག་བྱ་བྱས་ཡོད་པ་མ་ཟད།  ད་ལྟའི་ཤྲི་ལང་ཀའི་སྲིད་གཞུང་གསར་པའི་ངོས་ནས་སྔར་དང་མི་འདྲ་བར་ཤྲི་ལང་ཀའི་ས་ཐོག་ཏུ་རྒྱ་ནག་གི་ཁ་གཏད་དུ་འགྱུར་གཞིའི་ལས་གཞི་སྤེལ་རྒྱུར་བཀག་སྡོམ་དང་། བོད་དང་ཤར་ཏུར་ཀིསྟན་གྱི་གནད་དོན་ཐོག་རྒྱ་ནག་ལ་རྒྱབ་སྐྱོར་ཆ་ཚང་བྱ་རྒྱུ་ཡིན་ཞེས་བཤད་ཡོད་ཅིང་། དེ་ནི་ཤྲི་ལང་ཀས་ཐེངས་དང་པོར་རྒྱ་ནག་གཅིག་གི་སྲིད་བྱུས་ནང་ཐའི་ཝན་མ་ཚད་བོད་དང་། ཤར་ཏུར་ཀིསྟན་ཡང་བཙུད་འགོ་ཚུགས་ཡོད་པ་གནད་དོན་དབྱེ་ཞིབ་པས་འགྲེལ་བརྗོད་གནང་གི་འདུག

གནད་དོན་དེ་དང་འབྲེལ་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨེ་ཤེ་ཡ་དང་ཧི་མ་ལ་ཡ་ཉམས་ཞིབ་ལྟེ་གནས་ཁང་ (Centre for Himalayan Asia Studies and Engagement) གི་འགན་འཛིན་ཝི་ཇེ་ཀྲན་ཏི་ (Vijay Kranti) ལགས་ཀྱིས། ཤྲི་ལང་ཀས་སྟོབས་ཆེན་རྒྱལ་ཁབ་ཀྱི་སྡེ་ཁག་ཏུ་མ་ལྷུང་བར་བར་གནས་སྲིད་བྱུས་འཛིན་གྱི་ཡོད་ནའང་། ཉེ་ལམ་ཤྲི་ལང་ཀའི་སྲིད་འཛིན་གྱི་བཤད་སྟངས་དེ་ལ་བལྟས་ན་ཤྲི་ལང་ཀའི་སྲོལ་རྒྱུན་གྱི་ཕྱི་འབྲེལ་སྲིད་བྱུས་ལས་བརྒལ་ཡོད་པ་མཐོང་གི་འདུག ཁོང་གི་བཤད་སྟངས་དེ་ལ་བརྟེན་ནས་ཤྲི་ལང་ཀས་རང་གི་ས་ཆ་རྒྱ་ནག་ལ་བེད་སྤྱོད་གཏང་འཇུག་རྒྱུ་ཡིན་པ་མ་ཟད། ཐའི་ཝན་དང་བོད་སོགས་ཀྱི་གནད་དོན་ཐོག་རྒྱ་ནག་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་མཚོན་གྱི་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཁོང་གིས་མུ་མཐུད། ཤྲི་ལང་ཀ་ནི་ནང་པའི་རྒྱལ་ཁབ་ཅིག་ཡིན་ནའང་། སྟབས་མ་ལེགས་པ་ཞིག་ལ་འདས་པའི་དུས་ནང་ཤྲི་ལང་ཀའི་གཞུང་འཛིན་སུས་ཀྱང་བོད་དོན་ལ་རྒྱབ་སྐྱོར་བྱས་མེད་པ་མ་ཟད། རྒྱ་ནག་ལ་འཇིགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་བར་གདན་འདྲེན་ཞུ་ཐུབ་མེད་པ་འགྲེལ་བརྗོད་གནང་བྱུང་། དེ་དང་འབྲེལ་ཏེ་ཁོང་གིས་ཤྲི་ལང་ཀའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ཡིན་ལ། དེ་མ་ཚད་ཨ་རིའི་ནང་སྲིད་གཞུང་གསར་པ་སླེབས་ཡོད་པས་ཤྲི་ལང་ཀས་རྒྱ་ནག་ཕྱོགས་གཏོགས་བྱས་པ་ནི་རང་ཉིད་དཀའ་ངལ་ནང་བཙུད་པ་ལྟ་བུ་རེད་ཅེས་གསུང་གི་འདུག

སྤྱིར་ཤྲི་ལང་ཀ་སྲིད་བློན་ཧ་རི་ནི་ནི་རེ་ཀ་ཨ་མ་ར་སུ་རི་ཡ་ (Harini Nireka Amarasuriya) ཡིས་ཀྱང་། ཤྲི་ལང་ཀའི་རྒྱལ་ཁབ་ལ་ཕྱི་འབྲེལ་སྲིད་བྱུས་བརྟན་པོ་ཞིག་མེད་པ་གང་ཞིག་ལ། གཞུང་འཛིན་སུ་སླེབས་ཀྱང་སོ་སོ་རང་ངོས་ནས་སྲིད་བྱུས་རེ་བཟུང་སྟེ་འགྲོ་བཞིན་ཡོད་པ་དེ་འགྱུར་བཅོས་གཏོང་དགོས་འདུག་ཅེས་ཁོང་རང་གི་ཆབ་སྲིད་ཚོགས་པ་ (Nation People’s Power) ཡི་དྲྭ་རྒྱའི་སྟེང་གསུངས་འདུག་ལ། དེ་བཞིན་སྲིད་འཛིན་ད་ས་ན་ཡེ་ཀི་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་བར་གྱི་ཐུག་འཕྲད་རྗེས་ཀྱི་ཟུང་སྦྲེལ་བསྒྲགས་གཏམ་དེ་ལ་བལྟས་ན། ཤྲི་ལང་ཀའི་ཕྱི་འབྲེལ་སྲིད་བྱུས་གསལ་བརྟན་མེད་པ་(Centre for Strategic Studies)ཉམས་ཞིབ་བསྟི་གནས་ཁང་གིས་བཀོད་འདུག །

གསར་འགོད་པ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎