འདི་ལོར་རྒྱ་ནག་ཏུ་བརྟན་ལྷིང་མི་ཡོང་བའི་བློ་འཚབ་ཡོད་པ།
2009.01.07
༄༅༎ལོ་འདིའི་ནང་རྒྱ་ནག་གི་དཔལ་འབྱོར་དཀའ་ངལ་གྱི་ཁྲོད་ནས་སྤྱི་ཚོགས་ཀྱི་བརྟན་ལྷིང་ཐད་གནོད་འཚེ་ཆེན་པོ་ཕོག་རྒྱུར་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཚོས་བློ་འཚབ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག
དེང་སྐབས་འཛམ་གླིང་ནང་དཔལ་འབྱོར་ཉམ་རྒུད་འགྲོ་བཞིན་པ་ལྟར་རྒྱ་ནག་ནང་དུའང་དཔལ་འབྱོར་ཉམ་རྒུད་ཕྱིན་ནས་བཟོ་གྲྭ་མང་པོ་སྒོ་རྒྱབ་དགོས་བྱུང་ནས་བཟོ་པ་ལས་མེད་དུ་གྱུར་བའི་དཀའ་ངལ་འཕྲད་བཞིན་པའི་ཐོག་རྒྱ་ནག་ཁ་བྲལ་རིང་ལུགས་པ་དང་དེ་བཞིན་རྒྱ་ནག་གཞུང་ལ་ཆབ་སྲིད་ཀྱི་བལྟ་སྤྱིད་མི་མཐུན་མཁན་ཚོས་གཞུང་ཕྱོགས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་སོགས་ད་ལྟའི་རྒྱ་ནག་གི་སྤྱི་ཚོགས་ནང་བརྟན་ལྷིང་མེད་པའི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པ་རེད་ཅེས་རྒྱ་ནག་མི་མང་བདེ་འཇགས་ལྷན་ཁང་གི་བློན་ཆེན་མེང་ཅ་ཀྲུའུ་ནས་ས་གནས་གསར་འགྱུར་བརྒྱུད་ལམ་ཁང་དུ་གནས་ཚུལ་འགྲེལ་བརྗོད་གནང་འདུག ཡང་མེང་ཡིས་མུ་མཐུད་གསུང་ན་འདི་ལོ་ཕྱི་ཟླ་བཅུ་པའི་ཚེས་གཅིག་འམ་རྒྱ་ནག་གུང་ཁྲན་ཚོགས་པ་བཙུགས་ནས་ལོ་ངོ་དྲུག་ཅུ་ཐམ་པ་འཁོར་བའི་དུས་སྟོན་གྱི་གོང་དུ་དམིགས་བསལ་རྒྱ་ ནག་ནང་བདེ་འཇགས་ཀྱི་སྲུང་སྐྱོབ་དམ་པོ་བྱེད་དགོས་སྐོར་བརྗོད་ཡོད་པ་རེད། ཡང་གནས་ཚུལ་ནང་མུ་མཐུད་བཀོད་དོན་ལྟར་ན་འདི་ལོའི་ནང་རྒྱ་ནག་ཏུ་དུས་ཚིགས་ཆེན་པོ་གསུམ་འཁེལ་གྱི་ཡོད་པ་ནི་གཅིག་རྒྱ་ནག་གུང་ཁྲན་ཚོགས་པ་བཙུགས་ནས་ལོ་ངོ་དྲུག་ཅུ་ཐམ་པ་འཁོར་བའི་དུས་ཚིགས་དང་ཡང་བོད་བཅིངས་བཀྲོལ་བཏང་ནས་ལོ་ངོ་ལྔ་ཅུ་ཐམ་པ་འཁོར་བའི་དུས་ཚིགས།དེ་ག་ནང་བཞིན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་མདུན་ཐང་དུ་རྒྱ་ནག་གི་སློབ་ཕྲུག་ཚོས་མང་གཙོའི་ལས་འགུལ་སྤེལ་ནས་ལོ་ངོ་ཉི་ཤུ་ཐམ་པ་འཁོར་བའི་དུས་ཚིགས་སོགས་རྣོ་ངར་ཆེ་བའི་དུས་སྟོན་གསུམ་ལོ་འདིའི་ནང་མཉམ་དུ་འཁེལ་གྱི་ཡོད་པ་རེད། ཡང་པེ་ཅིང་སློབ་གྲྭ་ཆེན་མོའི་སྲིད་དོན་དབྱེ་ཞིབ་པ་དབྱང་ཕེང་ཁྲུན་ཡིས་གསུང་ན་ཕྱི་ལོ་༢༠༠༩ལོའི་ནང་རྒྱ་ནག་གི་སྤྱི་ཚོགས་ཐོག་དཀའ་ངལ་ཤུགས་ཆེ་འཕྲད་རྒྱུ་ཡིན་པ་ནི་གཅིག་ནས་རྒྱ་ནག་སྤྱི་ཡོངས་སུ་དཔལ་འབྱོར་ཉམ་རྒུད་འགྲོ་བཞིན་པའི་དཀའ་ངལ་གྱིས་མི་མང་མང་པོ་ཞིག་ལས་ཀ་ཤོར་བཞིན་པ་དང་ཕྱོགས་གཞན་ཞིག་ནས་ད་ལྟ་རྒྱ་ནག་ནས་དབུལ་ཕྱུག་དབར་གྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང་དེ་ག་ནང་བཞིན་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་དང་ངལ་རྩོལ་ཆེད་གྲོང་གསེབ་པ་ཚོས་གྲོང་ཁྱེར་ཁག་ཏུ་གཞིས་སྤོས་བྱེད་སྐབས་ཕྲུ་གུ་མང་པོ་ཞིག་སློབ་སྦྱོང་བྱེད་རྒྱུའི་མཐུན་རྐྱེན་མ་ཚང་བའི་དཀའ་ངལ་སྤྲད་པ་སོགས་འདི་ལོའི་ནང་རྒྱ་ནག་གི་སྤྱི་ཚོགས་ནང་དཀའ་ངལ་ཤུགས་ཆེ་འཕྲད་རྒྱུའི་བློ་འཚབ་ཆེན་པོ་ཡོད་ལུགས་ཅེས་བརྗོད་ཡོད་པ་རེད།