རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དཀའ་རྙོག་སེལ་ཐབས་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་གསུངས་པ།
རྒྱ་གར་གྱི་སྲིད་བློན་ ན་རན་དྲ་ མོ་དྷི་ མཆོག་གིས་རྒྱ་ནག་མཉམ་ས་མཚམས་ཀྱི་དཀའ་རྙོག་སེལ་ཐབས་བྱེད་རྒྱུར་དུས་ཡུན་གང་འཚམས་འགོར་ཡོད་ཀྱང་ང་ཚོས་ས་མཚམས་ཀྱི་དཀའ་རྙོག་སེལ་ཐབས་བྱེད་རྒྱུ་དང་རྒྱ་ནག་མཉམ་འབྲེལ་བ་ཟབ་པོ་ཡོང་ཐབས་བྱེད་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་News Week ཞེས་པའི་གསར་འགྱུར་བརྒྱུད་ལམ་གྱི་བཅར་འདྲི་ལན་འདེབས་གནང་སྐབས་གསུངས་ཡོད་ཅིང་། ཁོང་གིས་ད་དུང་། ང་ཚོ་ཡུལ་གཉིས་དབར་ཞི་བདེ་མཉམ་གནས་ཀྱི་ཐོག་ནས་བརྟན་ལྷིང་གི་འབྲེལ་བ་ཡོང་ཐབས་བྱེད་རྒྱུ་ནི་འབྲེལ་ཡོད་རྒྱལ་ཁབ་གཉིས་ཀྱི་མཁེ་ཕན་གཅིག་པུ་མིན་པར་འདི་ནི་འབྲེལ་ཡོད་ཁྱིམ་མཚེས་རྒྱལ་ཁབ་དང་འཛམ་གླིང་ཁྱོན་ཡོངས་ལའང་ཕན་ཐོག་ཡོད་པ་ཞིག་རེད་ཅེས་དགོངས་ཚུལ་བཏོན་གནང་སྟེ་རྒྱ་གར་གྱི་ཕྱོགས་ནས་ཡུན་རིང་སེལ་མ་ཐུབ་པར་འགོར་ཡོད་པའི་ས་མཚམས་ཀྱི་དཀའ་རྙོག་གང་མགྱོགས་སེལ་ཐབས་གནང་རྒྱུའི་འདུན་པ་ཡོད་ལུགས་གསུངས་ཡོད་པ་རེད།
རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གི་བཀའ་མོལ་དེར་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མའོ་ནིང་གིས་རྒྱུན་ལྡན་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་གིས་སྲིད་བློན་མོ་དྷི་ཡིས་གསུངས་པའི་བཀའ་མོལ་དེའི་ཐོག་དོ་སྣང་བྱུང་ལ་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་འབྲེལ་བ་ནི་ས་མཚམས་ཀྱི་གནད་དོན་གཅིག་པུ་མ་ཡིན་པར་རྒྱ་ཆེ་བའི་གནད་དོན་མང་དག་ཅིག་གི་ཐོག་འབྲེལ་བ་ཡག་པོ་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་དང་། འོན་ཀྱང་ས་མཚམས་ཀྱི་དཀའ་རྙོག་སེལ་ཐབས་སུ་གཞུང་གི་ཞི་དྲག་གཉིས་ཀའི་བརྒྱུད་ལམ་ཐོག་ནས་གྲོས་མོལ་གྱིས་ཞི་འགྲིག་ཡོང་ཐབས་བྱེད་དགོས་རྒྱུའང་ང་ཚོས་གལ་ཆེན་པོ་མཐོང་གི་འདུག་ཅེས་བརྗོད་འདུག་ལ། རྒྱ་གར་གྱི་ངོས་ནས་ཀྱང་དུས་རྒྱུན་དུ་དཀའ་ངལ་ཕྲད་པའི་སྐབས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས་གལ་བསམ་གྱི་འདུག་ཅེས་ལན་འདེབས་བྱས་ཡོད་འདུག
སྤྱིར་རྒྱ་གར་དང་རྒྱ་ནག་གཉིས་དབར་དེ་སྔ་ཕྱི་ལོ་ ༡༩༦༢ ལོར་དམག་འཁྲུགས་བྱུང་བ་ནས་བཟུང་འདས་པའི་ལོ་ངོ་བཞི་བཅུ་ཞེ་གྲངས་རིང་ས་མཚམས་ཀྱི་རྩོད་རྙོག་སེལ་ཐབས་སུ་ཡུལ་གཉིས་ཀའི་འགོ་འཁྲིད་རིམ་པའི་སྐབས་གྲོས་མོལ་ཐེངས་མང་པོ་གནང་ཡོད་ཀྱང་དམིགས་བསལ་དོན་འབྲས་སོན་པ་འདི་ཡིན་ཞེས་བྱུང་མེད་པ་རེད།
ཡང་ཕྱི་ལོ་ ༢༠༢༠ ལོར་བྱང་ཕྱོགས་ལ་དྭགས་ས་མཚམས་ནས་རྒྱ་མིའི་དམག་མིས་སིམ་འཛུལ་བྱས་པའི་རྐྱེན་གྱིས་ཕན་ཚུན་ས་སྲུང་དམག་མིའི་དབར་འཁོན་འཁྲུགས་བྱུང་སྟེ་རྒྱ་གར་གྱི་དམག་མི་ ༢༠ ཡི་ཚེ་སྲོག་ཤོར་ཡོད་པ་དང་། ཉེ་བའི་ཆར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་ ༣༠ ཙམ་ལ་རྒྱ་ནག་གིས་མིང་གསར་པ་བཏགས་པ་སོགས་གནས་ཚུལ་མང་དག་ཅིག་བྱུང་བཞིན་ཡོད་པ་རེད།།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།