འཕྲིན་གཏོང་དྲ་རྒྱ་གུའུ་གལ་གནད་དོན་ཐད་ཨ་རིས་སྐྱོན་བརྗོད།
2010.01.22
༄༅༎ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་ནང་གུའུ་གལ་འཕྲིན་གཏོང་དྲ་རྒྱའི་ཐོག་ནས་ཨ་མི་རི་ཀའི་གསང་བའི་གནས་ཚུལ་དང་འཕྲུལ་རིག་ལག་རྩལ་རྐུ་འཁྱེར་བྱས་ཡོད་པའི་སྐྱོན་འཛུགས་བྱས་པ་དེར་དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་ནག་ཕྱོགས་ནས་ངོས་ལེན་བྱས་མེད་པ་མ་ཟད་སྐྱོན་འཛུགས་དེ་ནི་གཞི་རྩ་མེད་པ་ཞིག་རེད་ཅེས་ལན་འདེབས་བྱས་ཡོད་པ་རེད།
ཉེ་ཆར་རྒྱ་ནག་ཕྱོགས་ནས་གུའུ་གལ་འཕྲིན་གཏོང་དྲ་རྒྱ་བེད་སྤྱོད་བཏང་སྟེ་གནས་ཚུལ་རྐུ་འཁྱེར་བྱས་པའི་དོན་རྐྱེན་དང་དྲ་རྒྱའི་ཐོག་དམ་བསྒྲགས་བྱེད་པའི་གནས་ཚུལ་དེ་དག་ལ་སྐྱོན་བརྗོད་རིམ་པ་ཐོན་པའི་རྗེས་གུའུ་གལ་དྲ་རྒྱ་ཚོང་ལས་ཁང་གིས་རྒྱ་ནག་ནས་ཁོང་ཚོའི་དྲ་རྒྱའི་ཚོང་ལས་ཕྱིར་འཐེན་བྱ་རྒྱུའི་ཉེན་བརྡ་བཏང་བའི་རྗེས། རེས་གཟའ་ཕུར་བུའི་ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་གིས་རྒྱ་ནག་གཞུང་གཅིག་སྡུད་དབང་འཛིན་རིང་ལུགས་རྒྱལ་ཁབ་གཞན་དག་དང་འཕྲིན་གཏོང་དྲ་རྒྱའི་ཚོང་ལས་ཀྱི་འབྲེལ་ལམ་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་གནང་བ་མ་ཟད། དམིགས་བསལ་ཉེ་ཆར་རྒྱ་ནག་གི་ཕྱོགས་ནས་དྲ་རྒྱ་བརྒྱུད་དེ་ཨ་མི་རི་ཀའི་གསང་བའི་གནས་ཚུལ་དང་འཕྲུལ་རིག་ལག་རྩལ་རྐུ་འཁྱེར་བྱས་པའི་དོན་རྐྱེན་དེ་ཡིས་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བའི་ཐོག་ལ་དོ་ཕོག་འགྲོ་བའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་རེད། ཡིན་ནའང་རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས། ཨ་མི་རི་ཀས་རྒྱ་ནག་ཐོག་ལ་སྐྱོན་བརྗོད་བྱས་པའི་གནས་ཚུལ་དེ་ཡིས་འཛམ་གླིང་ནང་གི་རྒྱལ་ཁབ་ཆེ་ཤོས་དང། དཔལ་འབྱོར་ཆེ་ཤོས་ཨང་གསུམ་པར་སླེབས་པའི་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་ལམ་ཐོག་ལ་གནོད་འཚེ་འགྲོ་རྒྱུ་ཡིན་པ་བཤད་ཡོད་པ་དེ་ནི། རྒྱ་ནག་ཕྱོགས་ནས་ཨ་མི་རི་ཀར་ད་རེས་ཉེན་བརྡའི་འཇིགས་སྐུལ་བྱས་པ་ཙམ་ལས་རྩ་བའི་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་ལམ་ནི་སྔོན་ནས་དེ་ཙམ་གྲ་འགྲིག་པོ་དང་ཡག་པོ་ཞིག་མེད་ཅིང། དེ་ནི་རྒྱལ་ཁབ་གཉིས་བར་ལ་ཕྱིར་ཚོང་ནང་འདྲེན་གྱི་དངོས་ཟོག་ཚོང་འབྲེལ་ཆ་མི་སྙོམས་པའི་ཚོང་ལས་ཀྱི་གནད་དོན་དང། རྒྱ་མིའི་དངུལ་གྱི་འཛའ་ཐང་གི་དཀའ་རྙོག། ཨ་མི་རི་ཀས་ཐའེ་ལྦན་ལ་དམག་དོན་གྱི་གོ་མཚོན་ཚོང་འགྲེམས་བྱ་རྒྱུའི་ཐག་གཅོད་གནང་བའི་གནད་དོན་དེ་དག་གིས་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་ཐད་དཀའ་ཚེགས་ཡོད་མུས་ཡིན་པ་རེད།