བོད་མི་དང་རྒྱ་ཧན་མི་རིཊ་བར་འབྲེལ་ལམ་དམ་གཟབ་ཡོད་ལུཊ།
2011.07.12
༄༅༎རྒྱ་ནག་གཞུང་གིས་བོད་ཞི་བའི་བཅིངས་བཀྲོལ་བཏང་ནས་མི་ལོ་༦༠ འཁོར་བའི་དུས་དྲན་ཟེར་བ་སྲུང་བརྩི་ཞུ་བའི་ཁོངས་སུ་རེས་གཟའ་ཟླ་བའི་ཉིན། བོད་མི་རིགས་དེ་ནི་གནའ་བའི་དུས་ནས་རྒྱ་ཧན་མི་རིགས་དང་འབྲེལ་བ་དམ་གཟབ་ཡོད་པའི་སྐོར་གྱི་ཡིག་ཆ་དཀར་པོ་ཞིག་འགྲེམས་སྤེལ་བྱས་ཡོད་པ་རེད།
ཡིག་ཆ་དཀར་པོ་དེའི་ནང་དུ་བོད་མི་རིགས་དེ་རྒྱ་ཧན་མི་རིགས་དང༌། དེ་བཞིན་གྱི་གྲངས་ཉུང་མི་རིགས་གཞན་དང་ཁྲག་དང༌། རིག་གཞུང༌། སྐད་ཡིག་སོགས་ཕྱོགས་མང་པོ་ཞིག་ནས་འབྲེལ་བ་ཡོད་པ་དང༌། བོད་དང་རྒྱ་ནག་དབར་ལ་དཔལ་འབྱོར་དང་ཆབ་སྲིད། རིག་གཞུང་སྤེལ་རེས་ཀྱི་འབྲེལ་ལམ་ཡང་ད་བར་མུ་མཐུད་རྒྱུན་གནས་ཡོད་པའི་སྐོར་སོགས་བྲིས་ཡོད་པ་རེད།
རྒྱ་ནག་ཕྱོགས་ནས་དུས་རབས་མང་པོའི་གོང་ནས་བོད་ཀྱི་བདག་དབང་རྩོད་གླེང་བྱེད་པའི་ཁར་༡༩༤༩ ལོར་གུང་ཁྲན་ཏང་གིས་རྒྱ་ནག་དབང་བསྒྱུར་བྱས་པའི་རྗེས་༡༩༥༠ ཐམ་པའི་ནང་རྒྱ་ནག་གི་དམག་དཔུང་གིས་བོད་ནང་བཙན་འཛུལ་བྱས་པ་མ་ཟད། བོད་དེ་དངོས་སུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་བཟོས་ཡོད་པ་དང༌། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་ཏེ། རྒྱལ་སྤྱིའི་ཐོག་ཆིབས་བསྒྱུར་དང་རྒྱལ་སྤྱིའི་དབུ་ཁྲིད་དང་མཇལ་འཕྲད་གནང་རྒྱུར། རྒྱ་ནག་གཞུང་གིས་མཐའ་ཅིག་ཏུ་ངོ་རྒོལ་དང་བོད་ཁ་བྲལ་གྱི་ལས་འགུལ་སྤེལ་གྱི་ཡོད་པའི་སྐྱོན་བརྗོད་ཞུ་བཞིན་ཡོད་པ་རེད།
དེང་སྐབས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་དུ་འཛམ་གླིང་ཞི་བདེ་སྐྲུན་ཐབས་ཀྱི་ཆེད་དུ་དཔལ་དུས་ཀྱི་བཀའ་དབང་བསྕལ་ཆེད་དུ་ཆིབས་བསྒྱུར་བསྐྱངས་གནང་ཡོད་པར་བརྟེན། རྒྱ་ནག་གི་ཕྱོགས་ནས། ཨ་རིའི་སྲིད་འཛིན་ཨོ་སྦ་མ་ མཆོག་གིས་༧གོང་ས་མཆོག་མཇལ་འཕྲད་ཞུ་རྒྱུ་མེད་པའི་གནོན་ཤུགས་སྤྲོད་པ་སོགས། རྒྱ་ནག་གཞུང་གནས་བཟོད་མི་བདེ་བ་ཞིག་ཏུ་གྱུར་ཡོད་ཅིང༌། འོན་ཀྱང་ཉེ་ཆར་ཨ་རིའི་གྲོས་ཚོགས་ཚོགས་གཙོ་མཆོག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གྲོས་ཚོགས་སུ་གདན་ཞུ་གནང་སྟེ། ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་གྲོས་ཚོགས་ཀྱི་འཐུས་མི་ཚོས་༧གོང་ས་མཆོག་ལ་རྒྱབ་སྐྱོར་རྣམ་པ་བཏོན་གནང་ཡོད་པ་རེད།།